ཕའོ་ལན་གྱི་ཕྱི་འབྲེལ་བློན་ཆེན་ཞི་ཁི་ཨར་སི་ཅི་ཡིས་ཚེས26ཉིན་བཤད་རྒྱུར། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་དེ་ཕའོ་ལན་གྱི་འཐབ་ཇུས་ཁེ་ཕན་དང་འཚམ་པས། ཕའོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཞི་ཁི་ཨར་སི་ཅི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་སི་པུས་ཅཱ་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་ནི་ཕའོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་ལས་འགན་གཙོ་བོ་ཡིན། ཕའོ་ལན་གྱིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་ཁུར་བའི་སྐབས་སུ། ཝུའུ་ཁི་ལན་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་ལ་སྐུལ་འདེད་བཏང་སྟེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྲིམས་སྲོལ་ནང་ཆོག་མཆན་ཐོབ་པའི་ཁྱབ་ཁོངས་ནང་གང་ནུས་ཀྱིས་འཕེལ་རིམ་དེ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཟེར།
ཞི་ཁི་ཨར་སི་ཅི་ཡིས་ད་རུང་བསྟན་དོན། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དེ་རྙོག་འཛིང་ཆེ་བ་ཞིག་ཡིན་པ་དང་། ཁྱད་པར་དུ་འགྲིམ་འགྲུལ་དང་ཞིང་ལས་སོགས་ཁྱབ་ཁོངས་གཙོ་བོ་དག་ལྷག་ཏུ་དེ་ལྟར་ཡིན་ཟེར།
སི་པུས་ཅཱ་ཡིས་ཕའོ་ལན་གྱིས་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་ལ་ཤུགས་སྣོན་བྱས་ཏེ། ཝུའུ་ཁི་ལན་གྱི་མཁའ་སྲུང་ནུས་པ་མཐོར་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཕའོ་ལན་གྱིས2025ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ཧང་ག་རིའི་ཚབ་ཏུ་དུས་ཡུན་ལོ་ཕྱེད་ནང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།