ཁོ་སི་ཐཱ་རེ་ཁཱའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི5རྐྱེན་ལམ་དུ་ཤོར།
2024.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཁོ་སི་ཐཱ་རེ་ཁཱའི་རྒྱ་གྲམ་དམར་པོ་ཚོགས་པས་ཚེས25ཉིན་གྱི་དགོང་མོར་བཤད་རྒྱུར། མི་དྲུག་དྲུད་ཡོད་པའི་གནམ་གྲུ་ཆུང་བ་ཞིག་ཉིན་དེར་ཁོ་སི་ཐཱ་རེ་ཁཱའི་རྒྱལ་ས་ཧྲིན་ཧི་སེ་ལྷོ་ནུབ་ས་ཁུལ་དུ་སར་ལྷུང་སྟེ། མི5རྐྱེན་ལམ་དུ་ཤོར་ཟེར།

ཁོ་སི་ཐཱ་རེ་ཁཱའི་རྒྱ་གྲམ་དམར་པོ་ཚོགས་པས་བཤད་རྒྱུར། སྔོག་སྐྱོབ་མི་སྣ90ལྷག་གིས་གནམ་གཤིས་མི་ལེགས་པ་དང་ལམ་མི་བདེ་བའི་ཤུགས་རྐྱེན་ཁྱད་དུ་བསལ་ནས། རི་ཁུལ་གྱི་གནམ་གྲུ་སར་ལྷུང་ས་ནས་གནམ་གྲུའི་ཆག་རོ་རྙེད་པར་མ་ཟད། འདས་པོ5དང་སྲོག་ཉེན་ལས་ཐར་བའི་མི1རྙེད་ཡོད་ཟེར།

ཁོ་སི་ཐཱ་རེ་ཁཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཚེས25ཉིན་བཤད་རྒྱུར། སེ་སི་ནཱ206རྟགས་ཅན་གྱི་གནམ་གྲུ་ཆུང་བ་ཞིག་ཉིན་དེར་ཁོ་སི་ཐཱ་རེ་ཁཱའི་བྱང་ཕྱོགས་ཀྱི་ཅཱ་ལེ་པུས་མཚོ་འགྲམ་གྱི་ལེ་མིན་ཞིང་ཆེན་གྱི་ཐའོ་ཨར་ཐུའུ་ཀི་ལོ་ས་ཁུལ་ནས་འཕུར་ཏེ་ཧྲིན་ཧི་སེ་རུ་འཕུར་བ་དང་། ཉིན་གུང་ས་ངོས་བར་འབྲེལ་ཐག་ཆད་པ་ཡིན་ལ། ཕྱི་དྲོར་ཧྲིན་ཧི་སེ་ལྷོ་ནུབ་ཕྱོགས་ཀྱི་པུའུ་ལན་ཁི་རི་ཁུལ་དུ་སར་ལྷུང་བ་བདེན་དཔང་བྱས་ཡོད་ཟེར།

ཁོ་སི་ཐཱ་རེ་ཁཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་བཤད་རྒྱུར། གནམ་གྲུའི་སྟེང་གི་མི་ཚང་མ་ཁོ་སི་ཐཱ་རེ་ཁཱའི་མི་ཡིན་པ་དང་། སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བ་དེ་ནི་ལོ་སོ་གཅིག་ཅན་གྱི་བུད་མེད་ཅིག་ཡིན་ལ། རྨས་སྐྱོན་ཚབས་ཆེན་རེད། མིག་སྔར་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།