ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཁོངས་གཏོགས་རྒྱལ་ཁབ་སྐོར་ཞིག་ལ་འགྲོ་སོང་ཚད་བརྒལ་གྱི་གནད་དོན་ཡོད་པའི་ཚུལ་བསྟན།
2024.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས26ཉིན་སྤེལ་བའི་སྟོན་དུས་ཀྱི་ནོར་སྲིད་ཇུས་གཞི་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སྐོར་ཞིག་ལ་ནོར་སྲིད་འགྲོ་སོང་ཚད་ལས་བརྒལ་བའི་གནད་དོན་ཡོད་ཟེར།

ཇུས་གཞི་དེ་ལས་ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་སྤྲད་པའི2025ལོའི་སྔོན་རྩིས་འཆར་ཟིན་ལ་དཔྱད་འཇོག་བྱས་པ་དང་། གཙོ་བོ2024ལོ་ནས2025ལོའི་བར་གྱི་འགྲོ་སོང་རྐྱང་རྐྱང་གི་འཕར་ཚད་དང་དེ་མིན་འགྲོ་སོང་དེ་གཏན་འཁེལ་བྱས་པའི་ཚད་ལས་བརྒལ་ཡོད་མིན་ལ་དོ་སྣང་བྱས། དཔྱད་འཇོག་མཇུག་འབྲས་ལས་མངོན་པ་ལྟར་ན། པྲོག་གསར་རིམས་ནད་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཀྱི་ཤུགས་རྐྱེན་དབང་གིས་འཇར་མན་དང་ཨོ་སི་ཁྲུ་རི་ཡཱ། ཧི་ལན་སོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་བྱུང་ཚད་དལ་བ་དང་། འགྲོ་སོང་གི་ཚད་དེ་ཆུ་ཚད་དམའ་མོར་སྲུང་འཛིན་བྱེད་དཀའ་བར་གྱུར་ཡོད། དེའི་ནང་ཚོད་དཔག་བྱས་ན་འཇར་མན་དང་ཧི་ལན་གྱི་འགྲོ་སོང་རྐྱང་རྐྱང་ཆེས་མཐོའི་ཚད་ལས་བརྒལ་ཡོད་པ་རེད།

ཇུས་གཞི་དེ་ལས་མངོན་པ་ལྟར་ན། ཨོ་སི་ཁྲུ་རི་ཡཱའི་འགྲོ་སོང་གི་ཚད་དེ2024ལོར་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གསུམ་ལས་བརྒལ་ཡོད་པ་དང་། ཚོད་དཔག་བྱས་ན2025ལོ་དང་2026ལོར་སྔར་བཞིན་བརྒྱ་ཆའི་གསུམ་གྱི་མན་དུ་ཇེ་དམར་འགྲོ་ཐབས་མེད་པས། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཨོ་སི་ཁྲུ་རི་ཡཱ་ལ་འགྲོ་སོང་ཚད་བརྒལ་གྱི་གནད་དོན་ཡོང་བར་ངོས་འཛིན་བྱེད་པའི་གྲོས་གཞི་བཏོན་ཡོད།

དེ་ལས་གཞན་པུ་ལི་ཧྲི་དང་ཧྥ་རན་སི། ཧང་ག་རི། དབྱི་ཐཱ་ལེ། མར་ཐཱ། ཕའོ་ལན། རོ་མཱ་ནི་ཡཱ། སི་ལོ་ཝ་ཁི་བཅས་མིག་སྔར་འགྲོ་སོང་ཐལ་དྲགས་པའི་ཁོངས་གཏོགས་རྒྱལ་ཁབ་བརྒྱད་ལ་དམིགས་ནས། ཇུས་གཞི་དེ་ལས་ལོ་མང་བོའི་འགྲོ་སོང་རྐྱང་བའི་གནས་ཚུལ་གྲོས་གཞི་བཏོན་ཏེ། རྒྱལ་ཁབ་དེ་དག་གིས་འགྲོ་སོང་ཆུ་ཚད་ཇེ་དམའ་རུ་གཏོང་བར་རོགས་རམ་བྱེད་རྒྱུ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་གཏན་འཇགས་དང་འཕར་སྣོན་སྤྱི་ཆིངས་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ལོ་ཧྲིལ་བོའི་ནོར་སྲིད་འགྲོ་སོང་དེ་རྒྱལ་ཁབ་རང་གི་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གསུམ་ལས་བརྒལ་མི་རུང་བར་གཏན་འཁེལ་བྱས་ཡོད། གཏན་འཁེལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་འགྲོ་སོང་ཚད་བརྒལ་གྱི་གནད་དོན་ཡོད་པར་ངོས་འཛིན་བྱས་པའི་རྒྱལ་ཁབ་དག་ལ་འགྲོ་སོང་ཚད་བརྒལ་གྱི་ལས་རིམ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་དེ་དག་གིས་བྱེད་ཐབས་སྤྱད་ནས་འགྲོ་སོང་ཆུ་ཚད་ཇེ་དམའ་རུ་གཏོང་དགོས་པའི་རེ་བ་བཏོན་ནས། སྲིད་གཞུང་གི་དོམ་ཉུང་བ་སྲུང་འཛིན་བྱེད་པའམ་དོམ་མང་བོ་རྒྱུན་མཐུད་ཆུ་ཚད་དུ་ཇེ་དམའ་རུ་གཏོང་བཞིན་ཡོད་ལ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་བྱེད་ཐབས་ནུས་ལྡན་སྤྱད་ནས་འགྲོ་སོང་ཇེ་ཉུང་དུ་གཏོང་དགོས་པ་དང་། དེ་ལྟ་མིན་ཚེ་ཆད་གཅོད་ཐོབ་སྲིད།


བསོད་ནམས་ཚེ་རིང་གིས་བསྒྱུར།