འཛམ་གླིང་ཡོངས་ཀྱི་སྨྱན་བྱད་ཚོགས་ཆེན་སྐབས་གསུམ་པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་ནས་ཚོགས་མགོ་བརྩམས།
2024.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཨ་པུའུ་ཀྲ་པུས་རྒྱལ་ཁབ་འགྲེམ་སྟོན་ལྟེ་གནས་སྡེ་ཚོགས་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་འཛམ་གླིང་ཡོངས་ཀྱི་སྨྱན་བྱད་ཚོགས་ཆེན་སྐབས་གསུམ་པ་ཚེས26ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་ནས་ཚོགས་མགོ་བརྩམས་པ་དང་། གྲོས་ཚོགས་ནས་སྨྱན་བྱད་ཀྱི་ནང་དོན་གསར་བསྒྱུར་དང་གཞི་གྲངས་སྨྱན་བྱད་ཀྱི་འགྲན་རྩོད་སོགས་སྨྱན་བྱད་ལས་རིགས་ཀྱི་མ་འོངས་པའི་འཕེལ་རྒྱས་བརྗོད་གཞི་གནད་དུ་བཟུང་ཡོད་ལ། འཛམ་གླིང་ཡོངས་ཀྱི་སྨྱན་བྱད་མི་སྣ་ཁྲི་ལྷག་འགྲེམ་སྟོན་ལ་ཞུགས།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྨྱན་བྱད་གཞུང་སྒྲུབ་ཁང་གི་ཀྲུའུ་ཞི་ཧཱ་མུས་ཏི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། སྨྱན་བྱད་ཀྱིས་སྤྱི་ཚོགས་རིན་ཐང་གསར་བཞེངས་བྱེད་པའི་ཐད་ནུས་པ་བླ་ལྷག་ཐོན་བཞིན་ཡོད་ཅིང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཡོངས་ཀྱི་སྨྱན་བྱད་གསར་གཏོད་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་བརྩོན་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་སྨྱན་བྱད་ཚོགས་ཆེན་བསྟུད་མར་སྐབས་གསུམ་སྤེལ་ནས་སྨྱན་བྱད་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་སྟེགས་བུ་བསྐྲུན་ཡོད་ལ། སྨྱན་བྱད་ཀྱི་སྤྱི་ཚོགས་འགན་འཁྲིའི་སྐོར་གྱི་གྲོས་བསྡུར་མང་བོ་སྤེལ་ནས། སྨྱན་བྱད་ལས་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ཚོགས་ཆེན་དེ་ཚེས28ཉིན་བར་སྤེལ་རྒྱུ་ཡིན་པ་དང་། སྐབས་འདིའི་ཚོགས་ཆེན་ནས་གཙོ་བོ་གསར་འགྱུར་ལས་རིགས་ཀྱི་འཕེལ་ཕྱོགས་གསར་བ་དང་ཁྱད་པར་དུ་མིས་བཟོས་རིག་ནུས་ལག་རྩལ་ལས་བྱུང་བའི་བཅོས་བསྒྱུར་རང་བཞིན་གྱི་ཤུགས་རྐྱེན་ལ་དོ་སྣང་བྱས་ཡོད་ལ། ཚོགས་ཞུགས་མཁན་དག་གིས་གྲོས་བསྡུར་དང་བགྲོ་གླེང་སོགས་ཀྱི་ཐབས་ལ་བརྟེན་ནས། སྨྱན་བྱད་ལས་རིགས་ཀྱི་བྱ་བ་བྱེད་མཁན་དག་གིས་ཇི་ལྟར་བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།