ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ན་གཞོན་ཆབ་སྲིད་པའི་གླེང་སྟེགས་སྐབས་གསུམ་པ་བསྡུས།
2024.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ན་གཞོན་ཆབ་སྲིད་པའི་གླེང་སྟེགས་སྐབས་གསུམ་པ་ཟླ11པའི་ཚེས27ཉིན་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧེ་གྲོང་ཁྱེར་ནས་བསྡུས། གླེང་སྟེགས་ཀྱིས་དུས་རབས་གསར་བར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ལང་ལོའི་སྟོབས་ཤུགས་འབུལ་དགོས་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་དང་ཀྲུང་གུང་ཀོང་ཏུང་ཞིང་ཆེན་གྱི་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་དང་སྲིད་གཞུང་། རིག་མཛོད། སྨྱན་བྱད། མཐོ་རིམ་སློབ་གྲྭ། དེ་མིན་ཁེ་ལས་བཅས་ཉེར་གཅིག་ནས་ཡོང་བའི་འཐུས་མི་དང་ཀྲུང་གོའི་ལས་རིགས་སོ་སོའི་འཐུས་མི་བཅས་མི200ཙམ་གླེང་སྟེགས་ལ་ཞུགས།

ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་བསྟན་དོན། ད་ལོའི་ཟླ5བར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རབ་རྒྱལ་ཁབ་དག་གི་འགོ་ཁྲིད་པ་མཉམ་དུ་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་བར་ཞུགས་ཏེ། ཀྲུང་གོ་དང་ཨ་རབ་ཀྱིས་མཉམ་དུ་མཉམ་ལས་རྣམ་པ་ཆེན་མོ་ལྔ་མཉམ་འཛུགས་བྱེད་པའི་གྲོས་གཞི་བཏོན་ནས། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་འཆར་འགོད་འཐེན། ཀྲུང་གོ་དང་ཨ་རབ་ཀྱི་ན་གཞོན་དག་ཞི་བདེ་དང་བདེ་འཇགས་ཀྱི་སྲུང་སྐྱོབ་མཁན་དང་གཉིས་ཕན་མཉམ་རྒྱལ་གྱི་སྐུལ་འདེད་མཁན། ཤེས་དཔལ་བརྗེ་རེས་ཀྱི་ཡར་སྐུལ་མཁན་བཅས་བྱས་ནས། དུས་རབས་གསར་བར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ལང་ཚོའི་སྟོབས་ཤུགས་འབུལ་དགོས་ཟེར།

གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དག་གིས་བསྟན་དོན། ན་གཞོན་ནི་རྒྱལ་ཁབ་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་ཡིན་ཞིང་། ཨ་རབ་དང་ཀྲུང་གོའི་ན་གཞོན་དག་གིས་བརྗེ་རེས་ལ་ཤུགས་སྣོན་པ་དང་ཕན་ཚུན་སློབ་སྦྱོང་བྱས་ཏེ། མཉམ་དུ་ཨ་རབ་དང་ཀྲུང་གོའི་འབྲེལ་བའི་སྔར་ལས་ཁོད་ཡངས་པའི་མདུན་ལྗོངས་གསར་འབྱེད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།