ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཚེས27ཉིན་བཤད་རྒྱུར། ལེ་པཱ་ནུན་གྱི་དམག་དཔུང་གིས་ལྷོ་ཕྱོགས་ས་ཁུལ་གྱི་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། ཁོས་ཞོར་དུ་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱས་ནས་ལེ་པཱ་ནུན་གྱི་བཙན་བཟུང་ཐེབས་པའི་ས་ཁོངས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།
ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཚེས27ཉིན་གྱི་དུས་ཚོད་བཞི་ནས་དངོས་སུ་ནུས་ལྡན་དུ་གྱུར། མུས་ཁཱ་ཐིས་ཀྱིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་གྲོལ་རྗེས་བརྙན་རིས་གཏམ་བཤད་སྤེལ་ཏེ། ལེ་པཱ་ནུན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱེད་པ་དང་། ཁྱད་པར་དུ་ལེ་ཐཱ་ནེ་ཆུ་བོའི་ལྷོ་ངོས་ས་ཁུལ་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་གི་བཀོད་སྒྲིག་ལ་ཤུགས་སྣོན་པའི་སྐོར་གྱི་འབྲེལ་ཡོད་དོན་ཚན་ཐད་འབད་འབུངས་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། ལེ་པཱ་ནུན་གྱིས་རང་གི་མཚོ་སྐམ་མཁའ་གསུམ་གྱི་བདག་དབང་ལ་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། རྣམ་པ་གང་རུང་གི་བཙན་འཛུལ་བྱ་སྤྱོད་ལ་བཟོད་སྒོམ་བྱེད་མི་སྲིད་ཟེར།
ལེ་པཱ་ནུན་དམག་ཕྱོགས་མི་སྣས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་ནས་སྐར་མ་བཅུ་མ་འགོར་བར། དབྱི་སི་རལ་གྱིས་སྔར་བཞིན་ལེ་པཱ་ནུན་ལྷོ་ཕྱོགས་དང་ཤར་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱེད་བཞིན་ཡོད་ཀྱང་། དེའི་རྗེས་སུ་དམག་དོན་འགུལ་སྐྱོད་ཚང་མ་མཚམས་བཞག་ཡོད། གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས། ལེ་པཱ་ནུན་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་གཞུང་ལམ་གཙོ་བོའི་འགྲུལ་བཞུད་སླར་གསོ་བྱས་ཀྱང་། དབྱི་སི་རལ་གྱི་དེའི་སྔོན་གྱི་བར་སྣང་འཇབ་རྒོལ་དང་མེ་སྒྱོགས་ཀྱི་འཇབ་རྒོལ་དབང་གིས་མཐའ་མཚམས་ས་ཁུལ་དུ་འགྲོ་སའི་གཞུང་ལམ་རེ་འགར་གཏོར་བརླག་ཐེབས་ཡོད་ཟེར།
ལེ་པཱ་ནུན་དམག་ཕྱོགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་གཞིར་བཟུང་ནས་ལེ་ཐཱ་ནེ་ཆུ་བོའི་ལྷོ་ངོས་ས་ཁུལ་གྱི་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་བར་རོགས་ལས་བྱས་ནས་ཞི་བདེ་སྲུང་སྐྱོབ་ལས་འགན་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།