སི་རི་ཡཱའི་དམག་ཕྱོགས་ཀྱིས་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་ཨ་ལེ་ཕའོ་གྲོང་ཁྱེར་དུ་བསླེབས་ཡོད་པའི་ཚུལ་བསྟན།
2024.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཟླ11པའི་ཚེས30ཉིན་གསལ་སྒྲོག་སྤེལ་ཏེ། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་འདས་པའི་དུས་ཚོད་འགའི་ནང་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་གྲོང་ཁྱེར་གྱི་ས་ཁུལ་མང་ཆེ་བར་བསླེབས་པ་དང་། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཡང་བསྐྱར་བཀོད་སྒྲིག་བྱས་ནས་རྒོལ་ལན་སྤྲད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གཞུག་རོགས་དམག་དཔུང་མ་བསླེབས་གོང་། སི་རི་ཡཱའི་དམག་དཔུང་གིས་ས་དེའི་དམག་དཔུང་ནས་གཅིག་བསྡུས་ཀྱི་མེ་ཤུགས་གཏོང་འཕེན་བྱེད་ས་འཛུགས་དཀའ་བས། ཡང་བསྐྱར་བཀོད་སྒྲིག་དང་འགོག་སྲུང་ལམ་ཐིག་ལ་ཤུགས་སྣོན་བྱས་ནས་འཇབ་རྒོལ་ལ་རྒོལ་ལན་སྤྲད་དགོས་པ་དང་། དེའི་ཞོར་དུ་མི་སེར་དཀྱུས་མ་དང་དམག་མིར་སྲུང་སྐྱོབ་བྱས་ནས་རྒོལ་ལན་སྤྲོད་པར་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་ལ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་ཕྱི་རྒྱལ་གྱི་ཐལ་སྤྱོད་ཉེས་ཅན་གྱི་རྒྱབ་སྐྱོར་འོག མཚོན་ཆ་ཆེ་གྲས་དང་མི་མེད་གནམ་གྲུ་མང་བོ་བཀོལ་ནས་ཕྱོགས་མང་བོ་ནས་སི་རི་ཡཱའི་ནུབ་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་དང་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་པ་དང་། སྲིད་གཞུང་དམག་དཔུ་ང་གིས་འཐབ་ར་མང་བོ་ནས་དཔུང་འཇུག་ལ་རྒོལ་ལན་སྤྲད་དེ། དམག་མི་བཅུ་ཕྲག་འགའ་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

གཞན་ཡང་སི་རི་ཡཱའི་སྨྱན་བྱད་ཀྱིས་ཚེས30ཉིན་བསྒྲགས་པ་ལྟར་ན། དྲག་ཆས་ཉེས་ཅན་མང་བོ་ཉིན་དེར་ཨ་ལེ་ཕའོ་གྲོང་ཁུལ་གྱི་སྲང་ལམ་དང་སྡེ་ཁུལ་དུ་ཡོང་བས། ཨ་ལེ་ཕའོ་གྲོང་ཁྱེར་གྱི་སློབ་གྲྭ་དང་སྲིད་གཞུང་ལས་ཁུངས་ཕལ་ཆེར་གྱིས་སྒོ་བརྒྱབ་ཡོད་ལ། ཚོང་ལས་བྱ་འགུལ་ཡང་ཕལ་ཆེར་མཚམས་བཞག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།