སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་སི་རི་ཡཱའི་ནུབ་བྱང་ཕྱོགས་ནས་མུ་མཐུད་དུ་འཁྲུག་རྩོད་བྱས།
2024.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་ནུབ་བྱང་ས་ཁུལ་ནས་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་བར་མུ་མཐུད་དུ་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱས་ནས། ཕ་རོལ་བའི་མི་སྣ་མང་བོར་ཤི་རྨས་བཟོས་ཡོད་ལ། མིག་སྔར་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་དང་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་མཐའ་འཁོར་ས་ཁུལ་དུ་རིགས་སྣ་ཚོགས་ཀྱི་མཚོན་ཆ་ཆེ་གྲས་དང་འབྲིང་གྲས། མི་མེད་གནམ་གྲུ་བཅས་བཀོལ་ནས་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་པར་མ་ཟད། ཕྱི་རྒྱལ་གྱི་ཐལ་སྤྱོད་རྩ་འཛུགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དེར་རྒོལ་ལན་སྤྲད་པ་དང་། ཕ་རོལ་བའི་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པར་མ་ཟད། ཁྲབ་ལྡན་འཁོར་ལོ་དང་རླངས་འཁོར་བཅུ་ཕྲག་འགའ་གཏོར་བ་དང་། མི་མེད་གནམ་གྲུ17སར་འཕངས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དེའི་སྔོན་འཇབ་རྒོལ་ཐེབས་སའི་ས་ཁུལ་རེ་འགའ་ཡང་བསྐྱར་ཚོད་འཛིན་བྱས་པ་དང་། གཡུལ་སའི་དམག་དཔུང་དང་སྒྲིག་ཆས་ཀྱི་བཀོད་སྒྲིག་ཁ་སྣོན་བྱས་ཡོད་ཟེར།

གཞན་ཡང་སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་གྲོང་ཁྱེར་གྱི་སློབ་ཆེན་མཁར་ལ་ཉིན་དེར་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་སྒྱོགས་མདེལ་འཇབ་རྒོལ་ཐེབས་ནས་མི་སེར་དཀྱུས་མ4རྐྱེན་ལམ་དུ་ཤོར། སི་རི་ཡཱའི་ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་ལས་དོན་གྱི་པུའུ་ཀྲང་སཱ་པཱ་ཀི་ཡིས་ཉིན་དེར་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་ལ་ཁ་པར་བཏང་། ཨ་ལཱ་ཀི་ཆི་ཡིས་དབྱི་ལིང་གིས་མུ་མཐུད་དུ་སི་རི་ཡཱ་ཡིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་སྟེ། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།