ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས30ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཚེས29ཉིན་ཕེན་རང་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་པའེ་ལོ་ཝུའུ་སོ་ཧྥུའུ་ལ་ཐུག་འཕྲད་བྱས།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་དང་ཨུ་རུ་སིའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ས་ཁུལ་དང་རྒྱལ་སྤྱིའི་བདེ་འཇགས་གནས་བབ། བདེ་འཇགས་ཁེ་ཕན། རྒྱལ་སྤྱིའི་དྲང་བདེན་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ་ཐུན་མོང་ལྟ་ཚུལ་བཀོད་ཡོད་ཟེར།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་གྲོས་མོལ་བྱེད་སྐབས་ཝུའུ་ཁི་ལན་གྱི་གནས་བབ་འཕེལ་ཕྱོགས་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། ཁོས་བསྟན་དོན། ཨ་མེ་རི་ཁ་དང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་གྱིས་ཁོ་ཚོས་ཐོན་སྐྱེད་བྱས་པའི་རྒྱང་བསྟེན་མཚོན་ཆ་བཀོལ་ནས་ཨུ་རུ་སིར་ཆམ་ཕབ་གཏོང་བའི་ངན་སྐུལ་བྱས་པ་ལས་འཁྲུག་རྩོད་ནང་ཐད་ཀར་ཞུགས་པ་མཚོན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་གཅིག་ཆོད་ཀྱི་འགུལ་སྐྱོད་སྤེལ་ནས་དགྲར་འཛིན་སྟོབས་ཤུགས་ལ་དགོས་ངེས་ཀྱི་རིན་དོད་འདོན་དུ་བཅུག་པ་དེ་ལུགས་མཐུན་གྱི་རང་སྲུང་དབང་ཆར་གཏོགས་པ་རེད་ཟེར། ཁྲའོ་ཞན་ཕྱོགས་ཀྱིས་སྔར་བཞིན་དུ་ཨུ་རུ་སིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། སྲ་བརྟན་གྱི་ཁྲའོ་ཞན་དང་ཨུ་རུ་སིའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་བདེ་བརྩོན་ལེན་བྱེད་པ་དང་། ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བ། རྒྱལ་སྤྱིའི་འཐབ་ཇུས་གཏན་འཇགས་ལ་ཁག་ཐེག་བྱེད་པའི་བདེ་འཇགས་འགན་སྲུང་བཟང་བོ་ཡིན་ཟེར། ཁོས་བསྟན་དོན། ད་ལོའི་ཟླ6པར་ཁྲའོ་ཞན་དང་ཨུ་རུ་སི་ཡིས་ཕེན་རང་རྩེ་ཚོགས་ནས་བཀོད་པའི་གྲོས་མཐུན་ལྟར་དུ། ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།
གཞན་ཡང་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས30ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་རྒྱལ་སྲུང་བློན་ཆེན་ནོའུ་ཀོང་ཐུས་ཀྱིས་ཚེས29ཉིན་པའེ་ལོ་ཝུའུ་སོ་ཧྥུའུ་དང་མཉམ་དུ་ཕེན་རང་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ཟོལ་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་གྲོས་མཐུན་ལག་བསྟར་བྱེད་པ་སོགས་ཀྱི་ཐད་ནས་ཐུན་མོང་ལྟ་ཚུལ་བཀོད། པའེ་ལོ་ཝུའུ་སོ་ཧྥུའུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་གིས་ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་དུ་གནས་བབ་གཏན་འཇགས་ཀྱི་ནུས་པ་ཐོན་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་འོག་སྔར་ལས་ལྷག་པའི་སྒོ་ནས་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།