ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་རྒྱལ་ཁབ་མང་བོའི་མགོ་ཁྲིད་པའི་བར་བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།
2024.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས29ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་ཉིན་དེར་སོ་སོར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐི་ལེ་གཉིས་ལ་ཁ་པར་བཏང་སྟེ་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་གདན་ཞུ་བྱེད་པ་དང་ཝུའུ་ཁི་ལན་གྱི་རོགས་སྐྱོར་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཁོ་དང་མཱ་ཁི་ལུང་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་པ་དང་། ཁོས་མཱ་ཁི་ལུང་ལ་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་གདན་ཞུ་བྱེད་པ་དང་ཝུའུ་ཁི་ལན་གྱི་རྒྱང་བསྟེན་ཆམ་ཕབ་གཏོང་བའི་ནུས་པ་མཐོར་འདེགས་གཏོང་བ། མུ་མཐུད་དུ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཝུའུ་ཁི་ལན་གྱི་དམག་དཔུང་ལ་གསོ་སྦྱོང་བྱེད་པའི་གལ་ཆེན་རང་བཞིན་བཅས་ནན་བཤད་བྱས་པ་དང་། མཱ་ཁི་ལུང་གིས་ད་རུང་ཝུའུ་ཁི་ལན་གྱི་མངའ་ཁོངས་ནས་ཝུའུ་ཁི་ལན་གྱི་དམག་མིར་གསོ་སྦྱོང་བྱེད་པའི་གྲོས་གཞི་བཏོན།

ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐི་ལེ་ལ་ཁ་པར་གཏོང་སྐབས་ཙེ་ལེན་སི་ཅི་ཡིས་ནོར་ཝེ་ཡིས་སང་ལོར་ཝུའུ་ཁི་ལན་གྱི་རོགས་སྐྱོར་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་བའི་འཆར་གཞི་འཐེན་པར་བཀའ་དྲིན་ཞུས། ཁོས་སི་ཐི་ལེ་དང་མཉམ་དུ་ད་རུང་གློག་འདོན་འཕྲུལ་ཆས་དང་གློག་ཤུགས་སྒྲིག་ཆས། ནུས་ཁུངས་ཀྱི་འཇབ་རྒོལ་ཐག་གཅོད་བྱེད་པའི་མཁའ་སྲུང་མཚོན་ཆ་སོགས་འདུས་པའི་ཝུའུ་ཁི་ལན་གྱི་དགོས་མཁོ་གཙོ་བོ་གཞན་པར་གྲོས་བསྡུར་བྱས།

གཞན་ཡང་ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཚེས29ཉིན་ད་རུང་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་གཙོ་བོ་མཚོན་ཆའི་མཉམ་འབྲེལ་ཐོན་སྐྱེད་སྤེལ་བ་དང་འཇར་མན་གྱིས་རོགས་སྐྱོ་བྱེད་པའི་རྒྱལ་གཅེས་མཁན་གྱི་མ་ལག་དང་མཁའ་སྲུང་འཕུར་མདའི་མ་ལག་གི་ནུས་པ་མཐོར་འདེགས་གཏོང་བ་སོགས་ལ་གྲོས་བསྡུར་བྱས། ཧྲའོ་ཨར་ཚི་ཡིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་འགོག་སྲུང་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།