འཁྱག་གླིང་གིས་ཟླ11པའི་ཚེས30ཉིན་སྐབས་གསར་བའི་གྲོས་ཁང་་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། གྲོས་ཁང་གི་ལས་གནས63པོ་ཚང་མ་འདེམ་བསྐོ་བྱས།
འཁྱག་གླིང་རྒྱལ་ཡོངས་སུ་བསྡོམས་པས་འདེམ་ཁུལ་དྲུག་ཏུ་བགོས་ཡོད་ཅིང་། སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སའི་ས་ཚིགས་དེ་ཚེས30ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་སྒོ་འབྱེད་བྱས་པ་དང་། འདེམ་ཤོག་འཕེན་པའི་ས་ཚིགས་མང་ཆེ་བ་དགོང་མོའི་དུས་ཚོད་བཅུའི་བར་སྒོ་འབྱེད་བྱས་པ་རེད། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གངས་རླུང་གི་ནམ་ཟླ་ལས་འཁྱག་གླིང་ཤར་ལྷོའི་ས་ཁུལ་དང་བྱང་ཤར་ས་ཁུལ་གྱི་འདེམ་དམངས་ཀྱིས་འདེམ་ཤོག་འཕེན་པའི་ཚད་ལ་ཤུགས་རྐྱེན་ཐེབས་ངེས་རེད་ཟེར།
ཚེས29ཉིན་སྤེལ་བའི་དམངས་ཀྱི་འདོད་བློ་གསར་བ་ལྟར་ན། ཚོད་དཔག་བྱས་ན་སྲིད་དབང་བཟུང་མེད་པའི་སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་ལ་གྲོས་ཁང་གི་ལས་གནས15ཐོབ་སྲིད་པ་དང་། སྐབས་སྔོན་མའི་གྲོས་ཁང་འདེམ་བསྐོ་དང་བསྡུར་ནས་དགུ་ཇེ་མང་དུ་སོང་ཡོད། ཚོད་དཔག་བྱས་ན་འཁྱག་གླིང་གི་ཙུང་ལི་པེ་ནེ་ཏིས་ཁི་སུང་གིས་མགོ་ཁྲིད་པའི་སྒེར་ཚུགས་ཏང་ལ་ལས་གནས13ཐོབ་སྲིད།
འཁྱག་གླིང་གི་གྲོས་ཁང་དེར་སྤྱིར་བཏང་དུ་སྲིད་ཏང་གཅིག་ལ་ལས་གནས་མང་ཆེ་བ་ཐོབ་པའི་སྣང་ཚུལ་མེད་པས། མཉམ་འབྲེལ་སྲིད་གཞུང་དེ་རྒྱུན་རྣམ་དུ་གྱུར་ཡོད། འཁྱག་གླིང་གི་རྩ་ཁྲིམས་དང་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་གཏན་འཁེལ་ལྟར་ན། མཉམ་འབྲེལ་སྲིད་འཛིན་བྱེད་པའི་སྲིད་ཏང་ལ་ངེས་པར་དུ་ཉུང་མཐར་ཡང་ལས་གནས32ཐོབ་ན་ད་གཟོད་སྲིད་གཞུང་རྩ་འཛུགས་བྱས་ཆོག་པ་རེད།
པེ་ནེ་ཏིས་ཁི་སུང་གིས་ཟླ10བའི་ཚེས13ཉིན་སྲིད་འཛིན་མནའ་འབྲེལ་གཏོར་ནས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས། གནས་སྤོར་སྡོད་དམངས་དང་ནུས་ཁུངས་སྲིད་ཇུས་སོགས་གནད་དོན་ཐད་འགལ་བ་ཚབས་ཆེན་ཡོད་པའི་དབང་གིས་སྒེར་ཚུགས་ཏང་དང་གཡོན་ཕྱོགས་ལྗང་མདོག་ལས་འགུལ་དང་གོང་འཕེལ་ཏང་གིས་གྲུབ་པའི་སྲིད་འཛིན་མནའ་འབྲེལ་གྱིས་མུ་མཐུད་དུ་སྲིད་སྐྱོང་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།