དབྱི་ལང་ཙུང་ཐུང་གིས་མུ་མཐུད་དུ་སི་རི་ཡར་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་བསྐྱར་སྒྲོག་བྱས། 
2024.12.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

དབྱི་ལང་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས2ཉིན་སོ་སོར་སི་རི་ཡའི་ཙུང་ཐུང་པཱ་ཧྲ་ཨར་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་ནས། དབྱི་ལིང་གིས་མུ་མཐུད་དུ་སི་རི་ཡར་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་བསྐྱར་སྒྲོག་བྱས།

དབྱི་ལིང་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཕའེ་ཙི་ཞི་ཆི་དབྱང་གིས་ཚེས2ཉིན་གྱི་དགོང་མོར་ཕུའུ་ཅིན་དང་ཁ་བརྡ་བྱེད་སྐབས་འཇིགས་སྐུལ་རྩ་འཛུགས་གིས་ཉེ་ཆར་སི་རི་ཡའི་བྱང་རྒྱུད་དུ་འགུལ་སྐྱོད་སྤེལ་བའི་སྐོར་གླེང་སྐབས་བཤད་རྒྱུར། འཇིགས་སྐུལ་མི་སྣ་ཡང་བསྐྱར་སི་རི་ཡར་འབྱོར་ནས་སི་རི་ཡའི་བདེ་འཇགས་གཏན་འཇགས་ལ་འཇིགས་སྣང་སྐུལ་བར་མ་ཟད། ས་ཁུལ་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཏེ། འགལ་བ་སྔར་ལས་ཛ་དྲག་ཏུ་གྱུར། ཕའེ་ཙི་ཞི་ཆི་དབྱང་གིས་ཨུ་རུ་སི་ཡིས་དབུས་ཤར་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་དང་སི་རི་ཡའི་མངའ་ཁོངས་ཆ་ཚང་ལ་རྒྱབ་སྐྱོར་བྱེད་པའི་ཐད་ནུས་པ་བཏོན་པར་གདེང་འཇོག་གང་ལེགས་གནང་བཞིན་ཡོད་ལ། དབྱི་ལང་གིས་དེའི་ཕྱོགས་ནས་ཨུ་རུ་སི་དང་མཉམ་ལས་གང་རུང་བྱེད་འདོད་ཡོད་པར་བསྟན།

ཕུའུ་ཅིན་གྱིས་ཁ་བརྡ་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་དབྱི་ལང་དང་མཉམ་འགུལ་མཉམ་ལས་བྱས་ནས། སི་རི་ཡའི་ཁྲིམས་མཐུན་སྲིད་གཞུང་ལ་རོགས་བྱས་ནས་འཇིགས་སྐུལ་རྩ་འཛུགས་ལ་ངོ་རྒོལ་བྱེད་འདོད་ཡོད། ཨུ་རུ་སི་ཡིས་ཕྱི་འབྲེལ་ནུས་པ་དང་ཐབས་ལམ་གང་ཡོད་སྤྱད་ནས་རྣམ་པ་ཚོད་འཛིན་བྱས་ཏེ།  ས་ཁུལ་འདིརའཇིགས་སྐུལ་རིང་ལུགས་ཁྱབ་པར་བཀག་འགོག་བྱ་རྒྱུ་ཡིན་ཟེར།

ཕའེ་ཙི་ཞི་ཆི་དབྱང་གིས་ཉིན་དེའི་སྔ་མོར་པཱ་ཧྲ་ཨར་དང་ཁ་བརྡ་བྱེད་སྐབས་བཤད་རྒྱུར། སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱ་རྒྱུ་ནི་དབྱི་ལང་གི་འཐབ་ཇུས་ཡིན་པ་དང་། དབྱི་ལང་གིས་སི་རི་ཡར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་མ་ཟད་རོགས་རམ་གང་རུང་འདོན་སྤྲོད་བྱ་འདོད་ཡོད་ཟེར། པཱ་ཧྲ་ཨར་གྱིས་དབྱི་ལང་གིས་སི་རི་ཡར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།

ཟླ11པའི་ཚེས27ཉིན་ནས་བཟུང་། སི་རི་ཡའི་སྲིད་གཞུང་དམག་དཔུང་དང་།  ངོ་རྒོལ་ཕྱོགས་ཁག་དྲག་ཆས་དང་ཐལ་སྤྱོད་རྩ་འཛུགས་བཅས་ཀྱིས་སི་རི་ཡའི་ནུབ་བྱང་རྒྱུད་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་འཐབ་འཁྲུག་བྱས། སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཟླ12པའི་ཚེས1ཉིན་བསྒྲགས་རྒྱུར། སྲིད་གཞུང་དམག་དཔུང་གིས་འདས་པའི་ཉིན་གསུམ་རིང་གི་དམག་དོན་འགུལ་སྐྱོད་ཁྲོད་ངོ་རྒོལ་ཕྱོགས་ཁག་དྲག་ཆས་དང་ཐལ་སྤྱོད་རྩ་འཛུགས་མི་སྣ་སྟོང་གཅིག་ལྷག་བསད་ཟེར།

ལྷ་མོ་འཚོས་བསྒྱུར།