ཐུར་ཁེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡའི་འགལ་བ་ཕྱོགས་སོ་སོ་ཛ་དྲག་གི་གནས་བབ་རིམ་སྤོར་བྱེད་པར་གཡོལ་ཐབས་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.12.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཚེས་གཉིས་ཉིན་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་གྱིས་རྒྱལ་ས་ཨན་ཁ་ལ་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལ་ཆི་ཀི་དང་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་ཀྱིས་སི་རི་ཡའི་འགལ་བ་ཕྱོགས་སོ་སོ་ཛ་དྲག་གནས་བབ་རིམ་སྤོར་བྱེད་པར་གཡོལ་ཐབས་བྱེད་དགོས་པའི་གཅིག་གྱུར་འབོད་སྐུལ་བཏང་།

ཧྥེ་ཏན་གྱིས་གྲོས་མོལ་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་རྒྱུར། སི་རི་ཡར་ནང་འཁྲུག་བྱུང་ནས་ལོ་བཅུ་གསུམ་འགོར་བའི་རིང་དུ་སི་རི་ཡ་རྒྱལ་ནང་གི་གནད་དོན་སྔར་བཞིན་ཐག་གཅོད་བྱེད་མ་ཐུབ་པས། མིག་སྔའི་ཛ་དྲག་གི་གནས་བབ་འདི་འདྲ་བྱུང་བ་རེད། ཐུར་ཁེས་ནམ་ཡང་སི་རི་ཡ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱེད་ཅིང་། ཨ་སི་ཐ་ན་གྲོས་མོལ་འཕེལ་རིམ་གྱི་སྒྲོམ་གཞིའི་ཁྲོད་མུ་མཐུད་དུ་དབྱི་ལིང་དང་མཐུན་སྦྱོར་བྱེད་རྒྱུ་ཡིན་ཟེར།

ཨ་ལ་ཀི་ཆི་ཡིས་གསར་འགོད་པའི་ཚོགས་ཐོག་ཏུ་ས་ཁུལ་གྱི་གནད་དོན་ཐད་ནས་གྲོས་མོལ་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས་ཤིང་། ཐེངས་འདིར་འཚམས་འདྲིའི་དམིགས་ཡུལ་གཙོ་བོ་ནི་དབྱི་ལིང་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དམ་ཟབ་ཏུ་གཏོང་ཆེད་ཡིན་པའི་ཚུལ་བསྟན། ཨ་ལ་ཀི་ཆི་ཡིས་སི་རི་ཡའི་འཇིགས་སྐུལ་རྩ་འཛུགས་ཁ་ཤས་ཀྱིས་ཨ་མེ་རི་ཁ་དང་དབྱི་སི་རལ་སོགས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་དང་ངན་འབྲེལ་བྱས་ཏེ། ས་ཁུལ་གྱི་བརྟན་འཇགས་ལ་གཏོར་བརླགས་བཏང་བའི་དམིགས་ཡུལ་ནི། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་དང་ལེ་པ་ནུན་དུ་ཉེས་སྐྱོན་བཟོས་པ་འགེབས་སྲུང་བྱས་ནས། སི་རི་ཡ་བརྟན་འཇགས་མིན་པའི་གནས་སུ་བསྐྱལ་བ་རེད་ཅེས་སྐྱོན་བརྗོད་བྱས།

ཨ་ལ་ཀི་ཆི་ཚེས་གཅིག་ཉིན་གྱི་དགོང་མོར་ཨན་ཁ་ལ་རུ་འབྱོར་བ་དང་། དེའི་སྔོན། ཁོས་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀི་རུ་སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་དང་ཐུག་འཕྲད་བྱས་ནས། དབྱི་ལིང་གིས་སི་རི་ཡར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

སི་རི་ཡའི་གནད་དོན་གྱི་ཨ་སི་ཐ་ན་གྲོས་མོལ་དེ་ཨུ་རི་སི་དང་། ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས2017ལོའི་ཟླ1པོར་སྐུལ་སློང་བྱས་ཤིང་། དམིགས་ཡུལ་གཙོ་བོ་ནི་སི་རི་ཡའི་མངའ་ཁོངས་ཀྱི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་དྲག་ཤུགས་ཀྱིས་དམག་འཁྲུག་མཚམས་བཞག་ནས་མཉམ་ལས་བྱེད་རྒྱུ་མངོན་འགྱུར་བྱས་ཏེ་སི་རི་ཡའི་ནང་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་ཆམ་ཕབ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པར་མ་ཟད། སི་རི་ཡའི་རྒྱལ་ནང་གི་ཆབ་སྲིད་གནད་དོན་གལ་ཆེན་ཐད་ནས་ཐུན་མོང་ངོས་འཛིན་ཆགས་པར་བྱས་ཏེ་སི་རི་ཡའི་ཉམས་ཉེན་ཐག་གཅོད་པའི་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་རྒྱུ་དེ་རེད།

ཟླ11ཚེས27ཉིན་ནས་བཟུང་། སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་དྲག་ཤུགས། ཐལ་སྤྱོད་རྩ་འཛུགས་བཅས་ཀྱིས་སི་རི་ཡའི་ནུབ་བྱང་ས་ཁུལ་ནས་མུ་མཐུད་དུ་གཞི་རྒྱ་ཆེ་བའི་དམག་འཁྲུག་རྒྱབ་པ་རེད། སི་རི་ཡ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཟླ12ཚེས1ཉིན་གསར་འགྱུར་བཀོད་དེ། སྲིད་གཞུང་དམག་གིས་འདས་པའི་ཉིན་གསུམ་གྱི་ནང་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ངོ་རྒོལ་ཕྱོགས་ཁག་དྲག་ཤུགས་དང་ཐལ་སྤྱོད་རྩ་འཛུགས་ཀྱི་མི་ཆིག་སྟོང་ཙམ་བསད་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།