མི་ཐབས་རིག་ནུས་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་གྲོགས་པོའི་ཚན་ཆུང་མཉམ་འབྲེལ་རྒྱལ་ཚོགས་ནས་བཙུགས།
2024.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཀྲུང་གོ་དང་ཙམ་པུ་ཡཱ་ཡིས་ཚེས3ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་མཉམ་དུ་མི་ཐབས་རིག་ནུས་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་གྲོགས་པོའི་ཚན་ཆུང་གི་གྲོས་ཚོགས་ཐོག་མ་བསྡུས་པ་དང་། དེ་ལས་ཚན་ཆུང་དེས་དངོས་སུ་བཙུགས་པ་མཚོན་ཡོད་ཟེར།

ཨེ་ཅིབ་དང་ཕཱ་ཁི་སི་ཐན། པཱ་ཞི། ཨེ་ཙེ་ཨོ་ཕི་ཡཱ། ཧིན་རྡུ་ཉི་ཞི་ཡཱ། ཨུ་རུ་སི། ཨ་མེ་རི་ཁ། ཧྥ་རན་སི། དབྱིན་ཇི་སོགས་རྒྱལ་ཁབ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལག་རྩལ་ཆེད་མངག་ཕོ་ཉའི་གཞུང་སྒྲུབ་ཁང་སོགས་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་འཐུས་མི་བཅས་མི80ལྷག་ཚོགས་འདུར་ཞུགས།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚོན་དང་ཙམ་པུ་ཡཱའི་ནོར་སྲིད་པུའུ་ཡི་རྒྱུན་ལས་དྲུང་ཡིག་ཆེན་མོ་ཁཱ་མཱ་གཉིས་ཀྱིས་སོ་སོར་ཚོགས་ཐོག་ནས་ཞུ་ཚིག་ཕུལ།

ཧྥུའུ་ཚོན་གྱིས་བསྟན་དོན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ་བཏོན་པ་དང་། མི་ཐབས་རིག་ནུས་བཅོས་སྐྱོང་གི་བརྗོད་གཞི་ཆེན་པོར་དམིགས་ནས་ཀྲུང་གོའི་བློ་གྲོས་ཕུལ། མི་ཐབས་རིག་ནུས་ལས་བྱུང་བའི་གོ་སྐབས་དང་འགྲན་རྩོད་ཀྱི་མདུན་ནས། ང་ཚོས་རིག་ནུས་དགེ་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། འདྲ་མཉམ་ཀུན་ཕན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་ནུས་པའི་འཛུགས་སྐྲུན་གནད་སར་འཛིན་དགོས། མི་ཐབས་རིག་ནུས་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་གྲོགས་པོའི་ཚན་ཆུང་གིས་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་གཏོང་བར་སྐུལ་འདེད་གཏོང་བ་དང་། དངོས་གཉེར་ནུས་ལྡན་གྱི་འགུལ་སྐྱོད་སྤེལ་ནས། མི་ཐབས་རིག་ནུས་ལས་རྒྱལ་ཁབ་སོ་སོའི་རྒྱུན་མཐུད་འཕེལ་རྒྱས་ལ་ནུས་པ་སྩོལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཁཱ་མཱ་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིག་ནུས་ཀྱི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཐབས་རིག་ནུས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་རྒྱབ་སྐྱོར་བྱེད་པར་གནད་འགག་གི་ནུས་པ་འདོན་སྤེལ་བྱེད་དགོས། ཕྱོགས་སོ་སོས་ཚན་ཆུང་དེར་རྒྱབ་སྐྱོར་བྱས་ནས་འཛམ་གླིང་ཡོངས་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་རེ་བ་ཡོད་ཟེར།

རྒྱལ་ཁབ་སོ་སོའི་འཐུས་མིས་ལང་ལོང་སྒོས་གཏམ་བཤད་སྤེལ་ཏེ་ཚོགས་རའི་ཡུལ་དངོས་སུ་སྣང་ཚུལ་བཟང་བོ་བྱུང་།

ཚོགས་ཞུགས་འཐུས་མི་ཚས་ཀྲུང་གོ་དང་ཙམ་པུ་ཡཱ་རྒྱལ་ཁབ་གཉིས་ཀྱི་མི་ཐབས་རིག་ནུས་འཛུགས་སྐྲུན་ཐད་བཏོན་པའི་སྣེ་ཁྲིད་ནུས་པར་གཟེངས་བསྟོད་བྱས་པར་མ་ཟད། ཚན་ཆུང་དེར་ཞུགས་རྒྱུའི་ཚུལ་བསྟན་པ་དང་། ཚན་ཆུང་དེས་མི་ཐབས་རིག་ནུས་འཛུགས་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་མིས་བཟོས་རིག་ནུས་ཀྱི་བཅོས་སྐྱོང་། གྲངས་འཛིན་བར་ཁྱད་ཇེ་ཆུང་དུ་གཏོང་བ་བཅས་ཀྱི་ཐད་སྒུལ་ཤུགས་གསར་བ་སྣོན་པར་རེ་སྒུག་བྱེད་བཞིན་ཡོད་པའི་ཚུལ་བསྟན།

འཛམ་གླིང་ཡོངས་ཀྱི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འདོན་གྱི་སྣེ་ཁྲིད་འོག ད་ལོའི་ཟླ་བདུན་པར་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་མི་ཐབས་རིག་ནུས་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པའི་གྲོས་ཆོད་ལ་གྲོས་མོལ་བྱས་ནས་གཅིག་གྱུར་གྲོས་འཆམ་འབྱུང་བར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ140ལྷག་མཉམ་འབྲེལ་མིང་འགོད་ནང་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།