ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་དངུལ་གཏོང་དངུལ་ཁང་གིས་ཡོ་རོབ་གླིང་གི་གློག་རྡེའུ་བཟོ་སྐྲུན་ལས་རིགས་ཐད་མཉམ་དུ་མ་དངུལ་གཏོང་རྒྱུ་རེད།
2024.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས3ཉིན་བསྟན་དོན། ཡོ་རོབ་གླིང་དངུལ་གཏོང་དངུལ་ཁང་བར་མཉམ་ལས་གྲོགས་པོའི་འབྲེལ་བཙུགས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་གློག་རྡེའུ་ལས་རིགས་ཀྱི་དངུལ་གཏོང་ལ་རྒྱབ་སྐྱོར་བྱས་ནས། ཡོ་རོབ་གླིང་གི་གློག་རྡེའུ་ལས་རིགས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་ནང་བསྟན་དོན། མཉམ་ལས་ལས་གཞི་ལས་གཙོ་བོ་གློག་སྒུལ་རླངས་འཁོར་གྱི་གློག་རྡེའུ་ལག་རྩལ་ཁྱབ་ཁོངས་གཙོར་བཟུང་ཡོད་ཅིང་། དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱི་གསར་གཏོད་ཐེབས་རྩ་ཡིས་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་འདོན་སྤྲོད་བྱས་པ་དང་། ཡོ་རོབ་གླིང་དངུལ་གཏོང་དངུལ་ཁང་གིས་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་གཏོང་བའི་འཆར་གཞི་ཡོད་ཟེར།

ལས་གཞི་དེ་ནི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྤྱིའི་རིན་ཐང་ཡོ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་ཡིན་པའི་དངུལ་གཏོང་འཆར་གཞིའི་ཁག་ཅིག་ཡིན་པ་དང་། མ་འོངས་པའི་ལོ་འགའི་ནང་དག་གཙང་ལག་རྩལ་དང་གློག་སྒུལ་རླངས་འཁོར་གྱི་གློག་རྡེའུ་བཟོ་སྐྲུན། ཡང་བསྐྱར་བེད་སྤྱད་ཆོག་པའི་ཆིང་ནུས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཀོལ་རྒྱུ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་གསར་གཏོད་ཐེབས་རྩ་དེ་གཙོ་བོ་གསར་གཏོད་ཐཱན་ཉུང་ལག་རྩལ་གྱི་དཔེ་སྟོན་ལས་གཞིར་རོགས་སྐྱོར་བྱེད་པའི་ཐད་བཀོལ་བ་ཡིན་ལ། ཚོད་དཔག་བྱས་ན2030ལོའི་བར་འགྲོ་སོང་གི་ཚད་ཡོ་སྒོར་ཐེར་ཆེན་བཞི་ཡིན་པ་དང་། དམིགས་ཡུལ་ནི་ཡོ་རོབ་གླིང་ས་ཁུལ་དེ་ཐཱན་སྙོམས་སྦྱོར་དུ་ཚུལ་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་ཆེད་ཡིན་ལ། མ་དངུལ་དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཐཱན་ཕྱིར་གཏོང་ཉོ་ཚོང་མ་ལག་གི་ཡོང་འབབ་ནས་བྱུང་བ་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱིས2050ལོའི་བར་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་རེ་བ་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།