སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉུང་མཐར་ཡང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱི་མི་སྣ300བསད་ཡོད་པའི་ཚུལ་བསྟན།
2024.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས4ཉིན་བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་གིས་ཉིན་དེར་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་ནས་ཉུང་མཐར་ཡང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱི་མི་སྣ300བསད་པ་དང་མི་མེད་གནམ་གྲུ25སར་འཕངས་ཡོད་ཟེར།

བསྒྲགས་པ་ལྟར་ན། ཉིན་དེའི་ཞོགས་པ་ནས་བཟུང་། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ས་ངོས་མེ་ཤུགས་དང་འཐབ་འཛིང་གནམ་གྲུའི་རོགས་འདེགས་ལ་བརྟེན་ནས་ཧཱ་མཱ་ཞིང་ཆེན་གྱི་བྱང་ཕྱོགས་ས་ཁུལ་ནས་མུ་མཐུད་དུ་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་ཆམ་ཕབ་བཏང་བ་དང་། བསད་པའི་དྲག་ཆས་མི་སྣའི་གྲས་སུ་ཕྱི་རྒྱལ་གྱི་མི་ཡང་འདུས་ཟེར།

སི་རི་ཡཱའི་སྨྱན་བྱད་ཀྱིས་ཚེས4ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཧཱ་མཱ་ཞིང་ཆེན་བྱང་ངོས་དང་ནུབ་བྱང་ཕྱོགས། བྱང་ཤར་བཅས་ཀྱི་འཐབ་ཕྱོགས་གསུམ་ནས་མུ་མཐུད་དུ་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་འཁྲུག་རྩོད་བྱས་ཟེར། སི་རི་ཡཱའི་བྱང་ཕྱོགས་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཨ་ལེ་ཕའོ་ཡི་སྡོད་དམངས་ཀྱིས་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་གྲོང་ཁྱེར་དེའི་སྡེ་ཁུལ་རེ་འགར་རྐུ་འཕྲོག་བྱས་པ་རེད་ཟེར། ཨ་ལེ་ཕའོ་གྲོང་ཁྱེར་དུ་ཉེ་སྔོན་འཕྲིན་གཏོང་མཚམས་ཆད་པའི་གནས་ཚུལ་བྱུང་སྟེ། དངུལ་ཁང་དང་དངུལ་ལོར་བརྗེ་སྤོར་བྱེད་ས་སོགས་འདུས་པའི་དངུལ་ལོར་ལས་ཁུངས་ཀྱིས་སྔར་བཞིན་སྒོ་བརྒྱབ་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།