འཇར་པན་གྱི་འགོག་སྲུང་བློན་ཆེན་ཀྲུང་ཀུའུ་ཡོན་གྱིས་ཧན་གོར་འཚམས་འདྲི་བྱེད་པའི་འཆར་གཞི་རྗེས་སུ་སྣུར།
2024.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཧན་གོའི་མིག་སྔའི་གནས་བབ་ལ་གཞིགས་ནས། འཇར་པན་གྱི་འགོག་སྲུང་བློན་ཆེན་ཀྲུང་ཀུའུ་ཡོན་གྱིས་ཚེས4ཉིན་གྱི་དགོང་མོར་དེའི་སྔོན་ཟླ་འདིའི་ཟླ་སྨད་དུ་ཧན་གོར་འཚམས་འདྲི་བྱེད་པའི་འཆར་གཞི་རྗེས་སུ་སྣུར་རྒྱུ་ཐག་བཅད་ཟེར།

ས་དེའི་ཚེས4ཉིན་གྱི་དགོང་མོར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་ཧན་གོའི་བཀག་སྡོམ་བཀའ་རྒྱའི་དོན་རྐྱེན་ཐད་ནས་ཀྲུང་ཀུའུ་ཡོན་དང་ཕྱི་འབྲེལ་བློན་ཆེན་ཡན་ཝོ་ཡེ་སོགས་དང་མཉམ་དུ་གྲོས་བསྡུར་བྱས། ཐུན་མོང་འཕྲིན་གཏོང་ཁང་གིས་ཉིན་དེའི་དགོང་མོར་འབྲེལ་ཡོད་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། ཧན་གོའི་རྒྱལ་སྲུང་པུའུ་ཀྲང་ཅིན་ལུང་ཞན་གྱིས་ཙུང་ཐུང་དབྱིན་ཞེ་ཡའོ་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་པའི་གནས་ཚུལ་ལ་དམིགས་ནས། ཀྲུང་ཀུའུ་ཡོན་གྱིས་དུས་ཡུན་ཐུང་ངུའི་ནང་ཧན་གོར་འཚམས་འདྲི་བྱེད་དཀའ་བར་འདོད་པས། དེའི་སྔོན་ཟླ་འདིའི་ཟླ་སྨད་དུ་ཧན་གོར་འཚམས་འདྲི་བྱེད་པའི་འཆར་གཞི་རྗེས་སུ་སྣུར་རྒྱུ་ཐག་བཅད་པ་རེད་ཟེར།

ཐེངས་འདིའི་ཧན་གོའི་བཀག་སྡོམ་བཀའ་རྒྱའི་དོན་རྐྱེན་ལ་འཇར་པན་སྲིད་གཞུང་གིས་སེམས་ཁུར་བྱེད་བཞིན་ཡོད། འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན། ད་ལྟའི་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་གཞོན་པ་ཅན་དབྱེ་ཝེ་ཡིས་ཟླ་འདིའི་ཟླ་དཀྱིལ་དུ་ཧན་གོར་འཚམས་འདྲི་བྱེད་པའི་འགྲུལ་བཞུད་དེ་ཚེས4ཉིན་རྩིས་མེད་དུ་བཏང་། འཇར་པན་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་དཔོན་རིགས་ཀྱིས་བསྟན་དོན། ཕྱིན་ཆད་ཧན་གོའི་གནས་བབ་ལས་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཧན་གོར་འཚམས་འདྲི་བྱེད་པར་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།