ཐཱ་ཅི་ཁི་སི་ཐན་དང་ཅིར་ཅི་སི་སི་ཐན་གྱི་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཚེས4ཉིན་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་དགར་བའི་བྱ་བ་ཚང་མ་ཡོངས་འགྲུབ་བྱས་པ་དང་། རྒྱལ་ཁབ་གཉིས་ལ་ལོ་མང་བོར་དཀའ་སྡུག་བཟོས་པའི་རྒྱལ་མཚམས་དགར་བའི་གནད་དོན་དེ་རྩ་བ་ནས་ཐག་གཅོད་ཐུབ་པའི་རེ་བ་ཡོད།
ཐཱ་ཅི་ཁི་སི་ཐན་གྱི་ཧའོ་ཝ་ཨར་འཕྲིན་གཏོང་ཁང་དང་ཅིར་ཅི་སི་སི་ཐན་གྱི་སྲིད་གཞུང་དྲ་ཚིགས་ཀྱིས་ཚེས4ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཉིན་དེར་ཅིར་ཅི་སི་སི་ཐན་གྱི་པཱ་ཐི་ཁུན་མངའ་སྡེ་ནས་རྒྱལ་མཚམས་གནད་དོན་གྱི་གྲོས་ཚོགས་བསྡུས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་དགར་བའི་བྱ་བ་ཚང་མ་ཡོངས་འགྲུབ་བྱས་པར་མ་ཟད་རྒྱལ་མཚམས་དགར་བའི་མཇུག་མཐའི་ཡིག་ཆ་འབྲི་བའི་བྱ་བ་མགོ་བརྩམས་ཡོད་ཟེར།
ཐཱ་ཅི་ཁི་སི་ཐན་གྱི་ཨེ་ཤ་ཡཱའི་མྱུར་འཕྲིན་ཞེས་པའི་འཕྲིན་གཏོང་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། ཅིར་ཅི་སི་སི་ཐན་གྱི་སྲིད་གཞུང་འཐུས་ཚབ་ཚོགས་པའི་ཀྲུའུ་ཞི་ཐཱ་ཞེ་ཡེ་ཧྥུའུ་ཡིས་གྲོས་ཚོགས་གྲོལ་རྗེས་བསྟན་དོན། ཅིར་ཅི་སི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་དགར་ཡོད་པ་དང་། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་གིས་རྒྱལ་མཚམས་དགར་བའི་ཡིག་ཆ་དེར་གྲོས་མཐུན་འགོད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མིང་འགོད་དགོས། རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་གནད་དོན་དེ་རྩ་བ་ནས་ཐག་གཅོད་ཐུབ་པའི་རེ་བ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།