མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས5ཉིན་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོ་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐུལ་འདེད་གཏོང་བའི་ཆབ་སྲིད་འཕེལ་རིམ་ནང་ཞུགས་ནས་ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མྱུར་མོར་སི་རི་ཡཱའི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་སྐུལ་མ་བཏང་།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ད་སོ་མ་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་གཏོང་སྐབས་སི་རི་ཡཱའི་གནས་བབ་གསར་བར་གྲོས་བསྡུར་བྱས། སི་རི་ཡཱའི་གནས་བབ་ཀྱི་འཕེལ་ཕྱོགས་གསར་བ་ལས་མི་སེར་དཀྱུས་མ་ཁྲི་ཕྲག་མང་བོ་ཉེན་ཁའི་གནས་སུ་ལྷུང་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་ན། འབྲེལ་ཡོད་ཕྱོགས་སོ་སོར་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། མིག་སྔར་སི་རི་ཡཱའི་གནས་བབ་ཞི་འཇགས་སུ་གཏོང་བའི་བཀོད་སྒྲིག་དེ་གཅིག་བསྡུས་ཀྱིས་ཕམ་ཉེས་སུ་བཏང་བ་དང་། བཀོད་སྒྲིག་དེ་དག་གིས་སི་རི་ཡཱའི་རྒྱལ་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་ཐུབ་མེད་ལ། ནན་ཏན་གྱི་ཆབ་སྲིད་འཕེལ་རིམ་ལག་བསྟར་བྱས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱང་ལག་ལེན་དུ་བསྟར་ཐུབ་མེད་པས་ངེས་པར་དུ་བཅོས་བསྒྱུར་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕའེ་ཁའེ་རོའུ་དང་ནན་ཏན་གྱིས་འབྲེལ་འདྲིས་བྱེད་དགོས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་གཞིར་བཟུང་ནས་དཀྱེལ་ཡངས་ཅན་གྱི་ཉམས་ཉེན་ཐག་གཅོད་ཇུས་གཞི་གསར་བ་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཟླ11པའི་ཚེས27ཉིན་ནས་བཟུང་། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་བསྟུད་མར་སི་རི་ཡཱའི་ནུབ་བྱང་ས་ཁུལ་སོགས་ནས་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།