ཚོགས་ཡུན་ཉིན་གཉིས་ཡིན་པའི་སྐབས48པའི་ཨ་རབ་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཀྲང་གྲོས་ཚོགས་ཚེས5ཉིན་ཐུ་ནི་ཞི་ཡཱ་ནས་གྲོལ། གྲོས་ཚོགས་ནས་གསལ་སྒྲོག་སྤེལ་ཏེ། ཨ་རབ་རྒྱལ་ཁབ་དག་གིས་མཉམ་ལས་ལ་བརྟེན་ནས་གློག་འཕྲིན་གྱི་མགོ་སྐོར་དང་དྲ་རྒྱའི་ནག་ཉེས་ལ་ཆམ་ཕབ་གཏོང་དགོས་ཟེར།
གསལ་སྒྲོག་ལས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་གློག་འཕྲིན་གྱི་མགོ་སྐོར་དང་དྲ་རྒྱའི་ནག་ཉེས་ཀྱི་གནོད་པར་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་རང་གི་ཆེད་དུ་གློག་རྡུལ་དངུལ་ལོར་ནག་ཉེས་ལ་ཆམ་ཕབ་གཏོང་བའི་ལས་ཁུངས་འཛུགས་པར་དགོས་ངེས་ཀྱི་ཐོན་ཁུངས་དང་སྒྲིག་ཆས་འདོན་སྤྲོད་བྱས་ནས། ནག་ཉེས་བྱ་འགུལ་དེ་དག་ཐག་གཅོད་བྱེད་དུ་འཇུག་དགོས་ཟེར། གསལ་སྒྲོག་ལས་ད་རུང་མཐུན་སྦྱོར་དང་གསོ་སྦྱོང་ལ་ཤུགས་སྣོན་བྱས་ནས། གློག་འཕྲིན་དང་དྲ་རྒྱའི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་ཁྲིམས་བསྟར་མི་སྣའི་ཆེད་ལས་བྱང་ཚད་ལ་ཤུགས་སྣོན་དགོས་པ་ནན་བཤད་བྱས།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། རྒྱལ་ཁབ་སོ་སོས་དྲིལ་སྒྲོག་བྱ་འགུལ་ལ་ཤུགས་སྣོན་པ་དང་། གློག་འཕྲིན་དང་དྲ་རྒྱའི་ནག་ཉེས་བཟོ་མཁན་གྱི་མགོ་སྐོར་བྱེད་ཐབས་ཁྱབ་བསྒྲགས་བྱེད་དགོས་པར་མ་ཟད། མང་ཚོགས་ཀྱིས་འབྲེལ་ཡོད་ཀྱི་ཁྲིམས་འགལ་བྱ་འགུལ་ཡར་ཞུ་བྱེད་དགོས་པའི་སྐུལ་མ་བཏང་།
སྐབས་འདིའི་གྲོས་ཚོགས་ནས་ད་རུང་ཨ་རབ་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་དང་། དུག་རྫས་ལྐོག་འཚོང་དང་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་གྲོས་གཞི་ལ་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།