ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས5ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཁྲའོ་ཞན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་ནུས་ལྡན་དུ་གྱུར་ན། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་བོའི་རོགས་ལས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཁྲའོ་ཞན་གྱིས་ཚེས4ཉིན་མའོ་སི་ཁོ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་གི་ཆོག་མཆན་ཡི་གེ་འགོད་པའི་མཛད་སྒོ་སྤེལ་བ་དང་། ཆིངས་ཡིག་དེ་ཉིན་དེ་ནས་བཟུང་ནུས་ལྡན་དུ་གྱུར་ཟེར།
གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཆིངས་ཡིག་དེ་ནུས་ལྡན་དུ་གྱུར་ན་ཨུ་རུ་སི་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་བོའི་རོགས་ལས་ལ་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡཱ་བྱང་ཤར་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འབྲལ་ཐབས་མེད་པའི་བདེ་འཇགས་མ་ལག་གསར་བསྐྲུན་བྱེད་པར་བྱས་རྗེས་འཇོག་ཐུབ་ཟེར།
གསལ་སྒྲོག་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་ཏིན་ཁི་དང་ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཅིན་ཀྲིན་ཁོས་གཉིས་ཀྱིས་འབྲེལ་ཡོད་ཀྱི་ཆོག་མཆན་ཡི་གེ་བརྗེ་སྤོར་བྱེད་པའི་སྐོར་གྱི་ཆོད་དོན་ཡི་གེ་བཀོད།
ད་ལོའི་ཟླ6པའི་ཚེས19ཉིན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཕེན་རང་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།