ཚེས2ཉིན་ནས་ཚེས4ཉིན་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་གཏོགས་པའི་ས་ཁོངས་ཨུ་ཡོན་ལྷན་ཁང་ལྔ་ཡིས་མཉམ་དུ་གཙོ་སྒྲུབ་བྱས་པའི་རྒྱལ་སྤྱིའི་ནུས་ཁུངས་གླེང་སྟེགས་སྐབས་བཅུ་གསུམ་པ་ཐེ་གོའི་རྒྱལ་ས་མན་ཀུའུ་ནས་བསྡུས།
སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་འགུལ་སྐྱོད་སྤེལ་ནས་དྲང་བདེན་གྱི་ནུས་ཁུངས་ཚུལ་བསྒྱུར་མངོན་འགྱུར་བྱེད་དགོས་ཞེས་པ་དེ་རེད། རྒྱལ་ཁབ་མང་བོའི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས། རྒྱལ་སྤྱིའི་རྩ་འཛུགས། དེ་མིན་ནུས་ཁུངས་ཁྱབ་ཁོངས་ནས་ཡོང་བའི་འཐུས་མི་དང་ཆེད་མཁས་པ་སོགས་གྲོས་ཚོགས་ལ་ཞུགས་ཏེ། འཛམ་གླིང་ཡོངས་ཀྱི་འགུལ་སྐྱོད་མྱུར་དུ་སྤེལ་ནས་འདྲ་མཉམ་དང་རྒྱུན་མཐུད་ཀྱི་ནུས་ཁུངས་ཀྱི་མ་འོངས་པ་མངོན་འགྱུར་བྱེད་པར་མཉམ་དུ་གྲོས་བསྡུར་བྱས།
གླེང་སྟེགས་ནས་ནུས་ཁུངས་ཚུལ་བསྒྱུར་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་བཀོད་སྒྲིག་ལ་རྒྱབ་སྐྱོར་དང་ནུས་ཁུངས་བྱེད་ནུས་མཐོར་འདེགས་གཏོང་རྒྱུ་ཁས་ལེན་བྱས། དམིགས་ཡུལ་ནི2030ལོའི་བར་འཛམ་གླིང་ཡོངས་ཀྱི་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་འཕྲུལ་ཆས་སྒྲིག་སྦྱོར་གྱི་ཤོང་ཚད་ལྡབ་གསུམ་འཕར་བ་དང་། ནུས་ཁུངས་བྱེད་ནུས་ཀྱི་འཕར་ཚད་ལྡབ་གཉིས་འཕར་བར་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་བདུན་དང་ཕཱ་རེ་སིའི་གྲོས་ཆོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་ཆེད་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་ནུབ་མའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཆེན་མོ་ལོ་ལཱ་ཏཱ་ཧྲི་ཐིས་ཀྱིས་ཞུ་ཚིག་ཕུལ་ནས་བསྟན་དོན། ནུས་ཁུངས་ཚུལ་བསྒྱུར་དེ་ངེས་པར་དུ་འདྲ་མཉམ་དང་དཀྱེལ་ཡངས་ཡིན་དགོས་པ་དང་། སྲིད་ཇུས་གཏན་འབེབས་བྱེད་སྐབས་བུད་མེད་དང་ན་གཞོན། སྟོབས་ཤུགས་ཞན་པའི་མི་ཚོགས་ཀྱི་དཔལ་འབྱོར་གོ་སྐབས་ལ་ཐོག་མར་བསམ་བློ་གཏོང་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཆེན་མོ་ཁི་ལཱ་ཝེ་ཨར་ཅཱ་ཐེ་ཐི་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མྱུར་ཞིང་དཀྱེལ་ཡངས་ཆེ་བའི་དྲང་བདེན་གྱི་ནུས་ཁུངས་ཚུལ་བསྒྱུར་ལ་སྐུལ་འདེད་བཏང་བ་ལས་ཨ་ཧྥེ་རི་ཁ་གླིང་ལ་གོ་སྐབས་ཆེན་པོ་འདོན་སྤྲོད་བྱས་ཡོད་ལ། ཨ་ཧྥེ་རི་ཁ་གླིང་གིས་སྤུས་ཚད་མཐོ་བའི་ལས་ཞུགས་གོ་སྐབས་བསྐྲུན་ནས་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར།
ཀྲུང་གོའི་ནམ་ཟླའི་འགྱུར་ལས་དོན་གྱི་ཆེད་མངག་ཕོ་ཉ་ལིའུ་ཀྲིན་མེན་གྱིས་ཞུ་ཚིག་འབུལ་སྐབས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཚུལ་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་ནན་བཤད་བྱས། ཁོས་བསྟན་དོན། ཀྲུང་གོས་རྒྱལ་སྤྱིའི་ནུས་ཁུངས་ཚུལ་བསྒྱུར་གྱི་མཉམ་ལས་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་གོས་ཕྱིར་གཏོང་བྱེད་པའི་གློག་སྒུལ་རླངས་འཁོར་དང་ལིས་གློག་རྡེའུ། ཉི་འོད་ནུས་པའི་ལྷུ་ལག་སོགས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་ཐོན་རྫས་ཀྱིས་འཛམ་གླིང་ཡོངས་ཀྱི་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། རྒྱལ་ཁབ་སོ་སོས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་ལྷད་མེད་ཐཱན་ཉུང་གི་ཚུལ་བསྒྱུར་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་ལ། ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་དག་གཙང་ནུས་ཁུངས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།