དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས8ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཀི་ལན་མཐོ་སའི་ཧི་ཨར་མིན་རི་བོའི་སི་རི་ཡའི་སོ་ལྟ་ཁང་ཚོད་འཛིན་བྱས་ཡོད་ཟེར།
དབྱི་སི་རལ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་རྒྱུར། དབྱི་སི་རལ་གྱི་དམག་གི་འཕྲལ་སྒྲུབ་རུ་ཁག་གིས་ཧི་ཨར་མན་རི་བོའི་སི་རི་ཡའི་སོ་ལྟ་ཁང་བཙན་བཟུང་བྱས་པ་དང་། སྐབས་དེར་འགོག་རྒོལ་ཐེབས་མེད་ཟེར། བསྒྲགས་པ་ལྟར་ན། སི་རི་ཡའི་དམག་དཔུང་གིས་ཨ་སཱ་ཏིའི་སྲིད་དབང་རྩ་གཏོར་བཏང་རྗེས་སོ་ལྟ་ཁང་ནས་ཕྱིར་འཐེན་བྱས་པ་རེད་ཟེར།
དབྱི་སི་རལ་གྱི་དམག་གིས་ཚེས8ཉིན་གྱི་སྔ་ཙམ་ལ་བཤད་རྒྱུར། ཉེ་ཆར་སི་རི་ཡའི་གནས་བབ་འཕེལ་རྒྱས་དང་དབྱི་སི་རལ་དང་སི་རི་ཡའི་དམག་དོན་བར་བཅད་ས་ཁུལ་དུ་དྲག་ཆས་མི་སྣ་འགྲོ་འོང་གི་གནས་ཚུལ་ཡོད་པས། དབྱི་སི་རལ་གྱི་དམག་གིས་ཀི་ལན་མཐོ་སའི་དབྱི་སི་རལ་དང་སི་ར་ཡའི་མཐའ་མཚམས་དམག་དོན་བར་བཅད་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱས་པ་དང་། དབྱི་སི་རལ་གྱི་དམག་གིས་སི་ར་ཡའི་ནང་ཁུལ་ལས་དོན་ལ་ཐེ་གཏོགས་མི་བྱེད་ཟེར།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ཉི་ཡ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་དམག་གིས་ཚོད་འཛིན་བྱས་པའི་ཀི་ལན་མཐོ་སར་ལྟ་ཞིབ་བྱེད་སྐབས་བཤད་རྒྱུར། 1974ལོར་དབྱི་སི་རལ་དང་སི་རི་ཡས་བཞག་པའི་འབྲེལ་གཏུག་མི་བྱེད་པའི་ཆིངས་ཡིག་རྩིས་མེད་དུ་གྱུར་ཞིང་། ཁོས་དབྱི་སི་རལ་གྱི་དམག་དཔུང་དམག་དོན་བར་བཅད་ས་ཁུལ་དུ་བསྐྱོད་པའི་བཀའ་ཕབ་ནས། དགྲ་བོའི་ཕྱོགས་ཀྱིས་གནས་དེ་བཙན་བཟུང་བྱེད་པར་སྔོན་འགོག་བྱས་པ་ཡིན་ཟེར།
འབྲེལ་གཏུག་མི་བྱེད་པའི་ཆིངས་ཡིག་ལྟར། དབྱི་སི་རལ་དང་སི་རི་ཡ་ཕྱོགས་གཉིས་ཀྱིས་ཀི་ལན་མཐོ་སའི་ཤར་རྒྱུད་དུ་དམག་དོན་བར་བཅད་ས་ཁུལ་བཙུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་གཏུག་མི་བྱེད་པའི་ལྟ་ཞིབ་མི་སྣའི་རུ་ཁག་བར་བཅད་ས་ཁུལ་དུ་འགུལ་སྐྱོད་བྱས་ཤིང་། དབྱི་སི་རལ་དང་སི་ར་ཡའི་དམག་འཁྲུག་མཚམས་འཇོག་པར་རྒྱུན་མཐུད་སྒོས་ལྟ་རྟོག་བྱས། བར་བཅད་ས་ཁུལ་དུ་མཚོན་ཆ་དྲག་པོའི་རིགས་བཀོད་སྒྲིག་བྱེད་མི་ཆོག་ལ། དབྱི་སི་རལ་དང་སི་རི་ཡ་ཕྱོགས་གཉིས་ཀྱི་དམག་དཔུང་གནས་དེར་ཡོང་མི་ཆོག
ཀི་ལན་མཐོ་ས་ནི་སི་རི་ཡའི་ནུབ་ལྷོའི་རྒྱུད་ཀྱི་འགག་དོགས་ས་ཞིག་ཡིན། དབྱི་སི་རལ་གྱིས1967ལོའི་དབུས་ཤར་དམག་འཁྲུག་ཐེངས་གསུམ་པའི་སྐབས་ཀི་ལན་མཐོ་སའི་ས་ཁུལ་ཁ་ཤས་བཙན་བཟུང་བྱས་པར་མ་ཟད། 1981ལོར་བཙན་བཟུང་བྱས་པའི་ས་ཁུལ་དངོས་སུ་ཁོངས་སྒྲིལ་བྱས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱི་ས་ཁུལ་དེའི་བདག་དབང་ཁས་ལེན་བྱེད་ཀྱིན་མེད།
ལྷ་མོ་འཚོས་བསྒྱུར།