པའོ་ཚི་ནཱ་ཝའི་ཙུང་ཐུང་པའོ་ཁི་ཡིས་ཧྲའོ་ཧུང་ལ་ཐུག་འཕྲད་བྱས།
2024.12.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

པའོ་ཚི་ནཱ་ཝའི་ཙུང་ཐུང་པའོ་ཁི་ཡིས་ཚེས9ཉིན་ཧྭ་པའོ་ལའོ་རུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་ལ་ཐུག་འཕྲད་བྱས།

ཧྲའོ་ཧུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པའོ་ཁི་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་པའོ་ཚི་ནཱ་ཝའི་འབྲེལ་བར་མཐོང་ཆེན་ཚད་མེད་བྱེད་ཀྱིན་ཡོད་ལ། པའོ་ཚི་ནཱ་ཝའི་སྲིད་གཞུང་གསར་བའི་སྲིད་དབང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས། པའོ་ཚི་ནཱ་ཝའི་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་པ་དང་། དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། དུས་རབས་གསར་བའི་ཀྲུང་ཧྥེའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་པར་བསྟན། ཧྲའོ་ཧུང་གིས་ད་དུང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚོང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ངོ་སྤྲོད་བྱས།

ཙུང་ཐུང་པའོ་ཁི་ཡིས་ཧྲའོ་ཧུང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་ཤིང་སྨོན་འདུན་ལེགས་པོ་ཞུས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་པའོ་ཚི་ནཱ་ཝའི་སྲིད་གཞུང་གསར་བ་བཙུགས་ནས་ཅང་མ་འགོར་བར་མཐོ་རིམ་འཐུས་ཚབ་ཚོགས་པ་མངགས་ནས་པའོ་ཚི་ནཱ་ཝར་རྒྱལ་དོན་འཚམས་འདྲི་བྱས་པས། ཀྲུང་གོའི་ཕྱོགས་ཀྱིས་པའོ་ཚི་ནཱ་ཝར་རྒྱབ་སྐྱོར་བརྟན་པོ་བྱས་པ་མཚོན་ལ། བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་པ་བསྐྱར་བསྒྲགས་བྱས་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་བྱེད་པ་དང་། པའོ་ཚི་ནཱ་ཝ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧྲའོ་ཧུང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་པའོ་ཚི་ནཱ་ཝར་འཚམས་འདྲི་བྱེད་སྐབས་པའོ་ཚི་ནཱ་ཝའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་སོགས་ལ་ཐུག་འཕྲད་བྱས།

ལྷ་མོ་འཚོས་བསྒྱུར།