ཟླ12པའི་ཚེས9ཉིན། སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཁུ་རུ་མཁའ་རྒོལ་ཐེབས་རྗེས་དུ་བ་སྟུག་པོ་འཕྱུར་བཞིན་པ།
སྨྱན་བྱད་སྡེ་ཁག་མང་པོས་སྤེལ་བའི་གནས་ཚུལ་ལྟར་ན། སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཁུ་དང་དབུས་རྒྱུད་ཀྱི་གྲོང་ཁྱེར་ཧོ་མུའུ་སི་སོགས་ས་ཆ་མང་པོར་ཚེས9ཉིན་གྱི་དགོང་མོ་མཁའ་རྒོལ་ཐེབས་ཡོད་པ་རེད།
སོ་ཏི་ཨ་རབ་ཀྱི་ཨ་ལ་པི་ཡའི་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས9ཉིན་གནས་ཚུལ་སྤེལ་ནས། སི་རི་ཡའི་ལ་ཐ་ཅི་ཡ་དང་། ཏ་མ་ཧྲི་ཁུ། ་ ཧོ་མུའུ་སི། ཁ་སྨི་ཧྲི་ལི་སོགས་ས་ཆ་མང་པོར་དབྱི་སི་རལ་གྱིས་མཁའ་རྒོལ་བྱས་ཟེར། གནས་ཚུལ་ཁྲོད་སི་རི་ཡའི་བདེ་འཇགས་སྡེ་ཁག་གི་ཆ་འཕྲིན་སྤེལ་མཁན་གཉིས་ཀྱི་སྐད་ཆ་དྲངས་ནས། དབྱི་སི་རལ་གྱིས་སི་རི་ཡའི་མཁའ་དམག་རྟེན་གཞི་གཙོ་བོ་མང་པོ་ཞིག་ལ་མཁའ་རྒོལ་བྱས་པ་དང་། རྨང་གཞིའི་སྒྲིག་ཆས་འབོར་ཆེན་དང་། ཐད་འཕུར་གནམ་གྲུ་དང་དམག་འཐབ་གནམ་གྲུ་བཅུ་ལྷག་ཙམ་རྩ་གཏོར་བཏང་ཡོད་པར་བཤད།
ཚེས9ཉིན། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་ལ་དགའ་བའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ལཱ་ཐ་ཅི་ཡར་ཡོད་པའི་སི་རི་ཡའི་སྲིད་གཞུང་དམག་གི་ཁོངས་སུ་གཏོགས་པའི་མཚོ་དམག་གི་གྲུ་གཟིངས་ལ་མཁའ་རྒོལ་བྱས་པ་རེད། ཉིན་དེར་ངོ་རྒོལ་ཕྱོགས་ཁག་གིས་ད་དུང་སྲིད་གཞུང་དམག་གི་ཁྲོད་དུ་འོས་འགན་དམག་ཞབས་དང་ལེན་བྱེད་མཁན་དམག་མི་ཡོངས་ལ་གུ་ཡངས་གཏོང་རྒྱུ་དང་། མི་སུ་ཞིག་གིས་ཀྱང་ཁོ་ཚོའི་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་པ་ཁྱབ་བསྒྲགས་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།