ཚེས11ཉིན་ནེ་པ་ལ་ས་ཁུལ་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། ས་གནས་དེའི་སྲིད་གཞུང་དང་དེ་ལས་གཞན་པའི་འབྲེལ་ཡོད་ཁེ་ཕན་ཕྱོགས་ཀྱིས་སང་ལོའི་ཟླ་དང་པོའི་ཚེས་གཅིག་གནས་བཟུང་མངའ་ཁོངས་ནང་ཁུལ་གྱི་རི་བོ་ཇོ་མོ་གླང་མ་ས་ཁུལ་དུ་ཚོང་ལས་ཐད་འཕུར་གནམ་གྲུ་འཕུར་བ་བཀག་སྡོམ་བྱེད་རྒྱུའི་ཐད་བཅད་ཅིང་། ཚུལ་དེ་ལས་ས་གནས་ཀྱི་དཔལ་འབྱོར་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།
ནེ་པ་ལའི་རི་བོ་ཇོ་མོ་གླང་མ་ས་ཁུལ་གྱི་ཁུན་པུའུ་པ་སང་ལཱ་གྲོང་རྡལ་གྱི་འགོ་གཙོ་ཞེ་ཨར་ཕ་ཡིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐག་གཅོད་དེ་འདྲ་བཏོན་པའི་རྒྱུ་མཚན་ནི་རི་བོ་ཇོ་མོ་གླང་མ་ས་ཁུལ་དུ་ཉེ་བའི་ལོ་འདི་འགར་ཚོང་ལས་ཐད་འཕུར་གནམ་གྲུ་ཇེ་མང་དུ་སོང་བ་ལས་ཡུལ་སྐོར་བ་འདུག་པའི་དུས་ཚོད་ཇེ་ཐུང་དུ་བཏང་ཞིང་། ཐད་འཕུར་གནམ་གྲུའི་མཛེར་སྒྲ་ལས་ཉེ་འགྲམ་གྱི་རྒྱལ་ཁབ་སྤྱི་གླིང་ནང་གི་རི་སྐྱེས་སྲོག་ཆགས་ལ་བར་ཆད་བཟོ་བཞིན་ཡོད་པ་རེད། འབྲེལ་ཡོད་ཐག་གཅོད་དེ་འཕྲིག་ཡིག་གི་ལམ་ནས་ཐད་འཕུར་གནམ་གྲུའི་ཚོང་གཉེར་ཁང་དང་། ཡུལ་སྐོར་ཁང་། ཡུལ་སྐོར་ཁེ་ལས་བཅས་ལ་བསྐྱལ་བཞིན་ཡོད་ཟེར།
ཞེ་ཨར་ཕ་ཡིས་ད་དུང་བསྟན་དོན། རོགས་སྐྱོབ་ཐད་འཕུར་གནམ་གྲུ་བཀག་སྡོམ་ཁྲོད་ཚུད་མེད་ཀྱང་། ས་གནས་སྨན་ཁང་གིས་དགོས་མཁོའི་རེ་ཞུ་འདོན་དགོས་ཟེར།
ནེ་པ་ལའི་རི་བོ་ཇོ་མོ་གླང་མ་ས་ཁུལ་ནི་འཛམ་གླིང་སྟེང་མིང་གྲགས་ཆེ་བའི་རྐང་ཐང་ལམ་ཐིག་ཅིག་ཡིན་ལ། ལོ་རེར་ཕྱི་རྒྱལ་གྱི་ཡུལ་སྐོར་པ་མང་པོ་བཀུག་ནས་རྐང་ཐང་དུ་ཡུལ་སྐོར་བྱེད་བཞིན་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།