ཧན་གོའི་ཕྱི་འབྲེལ་པུའུ་ཡིས་མུ་མཐུད་དུ་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཞེས་པར་ཀྲུང་གོ་ཕྱོགས་ཀྱིས་ལན་སློག་པ།
2024.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཚེས13ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིན་གྱིས་ཀྲུང་གོ་དང་ཧན་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པས་ཧན་གོ་ཕྱོགས་ཀྱིས་དེའི་ཐད་ལ་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་གསར་འགོད་པ་ཞིག་གིས། དེ་རིང་ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཙུང་ཐུང་དབྱིན་ཞིས་ཡའེ་ཡིས་ཀྲུང་གོའི་སྤྱི་དམངས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་སྐོར་ནས་སྤེལ་བའི་གཏམ་བཤད་དང་། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་ལན་བཏབ་པར་དམིགས་ནས་ཉེ་ལམ་ཧན་གོའི་རྒྱལ་ནང་གི་གནས་བབ་ཇི་འདྲ་ཡིན་རུང་ཧན་གོས་ཀྲུང་གོ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བ་དང་།  དུས་མཚུངས་སུ་ཀྲུང་གོ་དང་དགོས་ངེས་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད། དེར་ཀྲུང་གོ་ཕྱོགས་ཀྱིས་གདེང་འཇོག་ཇི་ལྟར་བྱེད་ཀྱི་ཡོད་དམ།

མའོ་ཉིན་གྱིས་བཤད་རྒྱུར།  ཧན་གོའི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་རྣམ་འགྱུར་ལ་དོ་སྣང་བྱུང་ཡོད།  ཁ་སང་ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་སྐོར་གྱི་གཏམ་བཤད་སྤེལ་བའི་ཐད་ང་ཚོས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་དང་ཧན་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པས། ཧན་གོ་ཕྱོགས་ཀྱིས་དེའི་ཐད་འབད་བརྩོན་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།