ཚེས13ཉིན། སུའུ་ཏན་གྱི་སྨྱན་བྱད་དང་དམངས་ཁྲོད་རྩ་འཛུགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེའི་དབུས་རྒྱུད་སེན་ནའར་མངའ་སྡེ་དང་ཅེ་ཅི་ལ་མངའ་སྡེ་རུ་ཚེས13ཉིན་དང་ཚེས12ཉིན་ས་འོག་འབར་མདེལ་གྱི་འབར་གས་དང་འཇབ་རྒོལ་གྱི་དོན་རྐྱེན་བྱུང་ནས་མི18རྐྱེན་ལམ་དུ་ཤོར་འདུག
ཚེས13ཉིན། 《སུའུ་ཏན་གླེང་སྟེགས་ཚགས་པར》སྟེང་སེན་ནའར་མངའ་སྡེའི་སུའུ་ཅི་གྲོང་ཁྱེར་གྱི་ས་གནས་རྩ་འཛུགས“སུའུ་ཅི་འཕྲལ་སྡོམ་ལྟེ་གནས”ཀྱིས་སྤེལ་བའི་གསལ་བསྒྲགས་དྲངས་ནས། ཉིན་དེར་ལྗིད་ཐེག་རླངས་འཁོར་ཞིག་སེན་ནའར་མངའ་སྡེ་ནུབ་རྒྱུད་ཀྱི་ཅེ་པེ་ལི་མུའུ་ཡ་ས་ཁུལ་བརྒྱུད་དུས་འབར་མདེལ་ཕོག་ནས་མི13རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད། གནས་ཚུལ་སྤེལ་བ་ལྟར་ན། ལྗིད་ཐེག་རླངས་འཁོར་དེའི་ནང་མི21ཡོད་པ་དང་། དོན་རྐྱེན་བྱུང་སྐབས་ས་ཁུལ་དེ་རུ་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་འཕྲོག་སོང་བའི་རླངས་འཁོར་དང་སྒྲིག་ཆས་འཚོལ་བཞིན་ཡོད་པ་རེད།
ཅེ་པེ་ལི་མུ་ཡ་ནི་ཅེ་ཅི་ལ་མངའ་སྡེ་དང་སེན་ནའར་མངའ་སྡེ། པེ་ཉི་ལའོ་ཧོ་མངའ་སྡེ་བཅས་ཀྱི་འབྲེལ་མཚམས་སུ་ཆགས་ཤིང་འཐབ་ཇུས་ཀྱི་གནས་ཡུལ་གལ་ཆེན་ཞིག་རེད། ད་ལོའི་ཟླ6པར་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་ཅེ་པེ་ལི་མུའུ་ཡ་ཚོད་འཛིན་བྱས་རྗེས་དེ་དམག་དོན་རྟེན་གཞི་དང་མཚོན་ཆ་དང་རྫས་མདེལ་མཛོད་ཁང་དུ་བྱས་ཡོད། དེའི་རྗེས་སུ་ས་ཁུལ་དེ་རུ་སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་དམག་འཁྲུག་ཐེངས་མང་བརྒྱབ་པ་དང་ཟླ10པར་ཅེ་པེ་ལི་མོ་ཡ་ཚུར་བླངས་པ་རེད།
གཞན་ཡང་སུའུ་ཏན་གྱི་དམངས་ཁྲོད་རྩ་འཛུགས“ཅེ་ཅི་ལའི་གྲོས་ཚོགས”ཀྱིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། སུའུ་ཏན་གྱི་རོགས་སྐྱོར་མགྱོགས་མྱུར་དམག་དཔུང་གིས་ཚེས12ཉིན་ཅེ་ཅི་ལ་མངའ་སྡེ་ཡི་ལྷོ་རྒྱུད་ཀྱི་གྲོང་ཚོ་ཞིག་ལ་མེ་མདའ་འཕངས་པ་དང་། དེའི་རྗེས་སུ་གྲོང་ཚོ་དེར་སོང་ནས་གྲོང་མིར་མེ་མདའ་བརྒྱབ་པས་མི་སེར5རྐྱེན་ལམ་དུ་ཤོར་བ་རེད།
སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་ལ་ཡ་ལན་སྤྲད་མེད་པ།
2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་བར་རྒྱལ་ས་ཁར་ཐུམ་དུ་གདོང་ཐུག་དྲག་པོ་བྱུང་ནས་དམག་འཁྲུག་གི་མེ་ལྕེ་དེ་རིམ་བཞིན་ས་ཁུལ་གཞན་དུ་མཆེད་པ་རེད། ལོ་གཅིག་ལྷག་ཙམ་རྒྱུན་མཐུད་པའི་དྲག་ཆས་གདོང་ཐུག་དེའི་ཁྲོད་སུའུ་ཏན་གྱི་མི་ཁྲི་2.87ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་བྱེ་བ་གཅིག་དང་ས་ཡ་གཉིས་ཁྲི་དྲུག་ལྷག་ཙམ་ཡུལ་གྱར་བར་གྱུར་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།