ཟླ12པའི་ཚེས13ཉིན་གྱི་དགོང་མོ། འཇར་པན་མང་ཚོགས་ཀྱིས་འཇར་པན་གྱི་རྒྱལ་ས་ཏུང་ཅིན་དུ་ཡོད་པའི་ཕྱི་དོན་ཧྲིན་གྱི་ཕྱི་རོལ་དུ་འདུ་འཛོམས་བྱས་ནས། འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་གི་བཙན་གཡེམ་བསམ་སྦྱོར་ལ་རྒོལ་གཏམ་དྲག་པོ་བཏང་།
ཉིན་དེའི་ཕྱི་དྲོར་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་མཁའ་དམག་ཞིག་གིས་ན་ནིང་གི་ཟླ12པར་ཁྲུང་ཧྲིན་དུ། ལོ16ལ་སླེབས་མེད་པའི་འཇར་པན་གྱི་གཞོན་ནུ་མ་ཞིག་གི་ལ་མགོ་གཡོག་མགོ་སྐོར་བཏང་བར་མ་ཟད། མོར་བཙན་གཡེམ་བྱས་པའི་དབང་གིས་འཇར་པན་ན་པཱ་ས་གནས་ཁྲིམས་ཁང་གིས་ཨ་མེ་རི་ཁའི་དམག་མི་དེར་ལོ་ལྔའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད།
རྒོལ་གཏམ་གཏོང་མཁན་གྱིས་ཨ་མེ་རི་ཁའི་དམག་མིའི་བཙན་གཡེམ་བསམ་སྦྱོར་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད། གནོད་འཚེ་ཕོག་མཁན་གྱིས་མྱངས་པའི་སྡུག་བསྔལ་དང་བསྡུར་ན་ལོ་ལྔའི་ཁྲིམས་ཆད་དུས་ཡུན་ཧ་ཅང་ཐུང་དྲགས་སོང་ཟེར།
གྱོད་གཞི་དེ་བྱུང་རྗེས་འཇར་པན་ཀྲུང་དབྱང་སྲིད་གཞུང་དང་ཉེན་རྟོག་ཕྱོགས་ཀྱིས་ཁྲུང་ཧྲིན་རྫོང་སྲིད་གཞུང་ལ་གྱོད་གཞིའི་འབྲེལ་ཡོད་ཆ་འཕྲིན་ཐོག་མཐའ་བར་གསུམ་དུ་མཁོ་འདོན་བྱས་མེད། རྒོལ་གཏམ་གཏོང་མཁན་གྱིས་ཕྱི་དོན་ཧྲིན་གྱིས་གྱོད་གཞི་སྦས་གསང་བྱེད་པའི་འགན་འཁྲི་འཁུར་དགོས་ཟེར།
དུས་ཡུན་རིང་པོའི་ནང་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་གིས་ཉེས་གསོག་གནད་དོན་མང་པོ་བཟོས་ཡོད། ཁྲུང་ཧྲིན་རྫོང་གིས་བསྡོམས་རྩིས་བྱས་པ་ལྟར་ན། 1972ལོ་ནས2023ལོའི་བར་དུ། འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་དང་དམག་མིའི་ནང་མིས་ཁྲུང་ཧྲིན་རྫོང་དུ་ཉེས་དོན་གྱོད་གཞི་ཁྱོན་བསྡོམས6200ལྷག་བསགས་པའི་ནང་། དམར་གསོད་དང་བཙན་གཡེམ། འཕྲོག་བཅོམ་སོགས་ཐེ་བའི་གྱོད་གཞི་ཚབས་ཆེན་འདུས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།