འཇར་མན་དང་ཧྥ་རན་སི། དབྱིན་ཇི་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་གསལ་སྒྲོག་སྤེལ་ཏེ་ཝུའུ་ཁི་ལན་བྱང་ཆིངས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
2024.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ12པའི་ཚེས12ཉིན། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་ཕྱི་འབྲེལ་པུའུ་ཀྲང་དང་། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལ་ཟི་ཡིས་ཚེས12ཉིན་འཇར་མན་གྱི་རྒྱལ་ས་པོ་ལིན་དུ་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་ལ་དམག་དོན་དང་དཔལ་འབྱོར། ནོར་སྲིད་བཅས་ཀྱི་ཐད་ནས་རོགས་སྐྱོར་བྱེད་ཚད་སྔར་ལས་ཇེ་མང་དུ་གཏོང་རྒྱུ་ཡིན་པར་མ་ཟད། ཝུའུ་ཁི་ལན་བྱང་ཆིངས་དང་ཡོ་རོབ་མནའ་འབྲེལ་ནང་ཞུགས་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

འཇར་མན་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ཐེངས་ཀྱི་ཚོགས་འདུ་ནི་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་པེ་ཨར་པོ་ཁི་ཡིས་བསྡུ་འགུགས་བྱས་ཏེ་འཚོགས་པ་ཞིག་ཡིན་ལ། ཧྥ་རན་སི་དང་དབྱིན་ཇི། དབྱི་ཐ་ལི། སི་ཕེན། ཕོ་ལན་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་དམིགས་ཡུལ་ནི་གལ་ཏེ་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་ཚད་སྔར་ལས་ཇེ་ཉུང་དུ་བཏང་བ་ཡིན་ན། ཡོ་རོབ་ཀྱིས་གནས་སྟངས་དེར་ཁ་གཏད་ཇི་ལྟར་འཇལ་དགོས་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱ་ཆེད་ཡིན།

འཇར་མན་ཕྱི་འབྲེལ་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་སྟེང་བཤད་རྒྱུར། རྒྱལ་ཁབ་མང་པོའི་ཕྱི་འབྲེལ་པུའུ་ཀྲང་གིས་ཚོགས་འདུའི་སྟེང་དུ། ཡོ་རོབ་ཀྱིས་ཐོན་ཁུངས་སྔར་ལས་གང་མང་བཀོད་གཏོང་བྱས་ཏེ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱ་རྒྱུར་སྐུལ་སློང་བྱས་པར་མ་ཟད། ཝུའུ་ཁི་ལན་ལ་དམག་དོན་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཚུད་པའི་བདེ་འཇགས་ཀྱི་འགན་ལེན་སྲ་ཞིང་བརྟན་པ་ཞིག་མཁོ་འདོན་བྱ་རྒྱུར་རྩེ་གཅིག་ཏུ་འབད་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།