དབྱི་རག་གི་ཙུང་ལི་ཡིས་ཕྱོགས་གང་ཡང་རུང་བ་ཞིག་གིས་ཀྱང་སི་རི་ཡའི་མངའ་ཁོངས་ལ་བཙན་འཛུལ་བྱས་མི་ཆོག་ཟེར།
2024.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ12པའི་ཚེས13ཉིན། དབྱི་རག་གི་ཙུང་ལི་སུའུ་ཏ་ཉིས་ཀྱིས་རྒྱལ་ས་པ་ཀ་ཏ་རུ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱེད་སྐབས། ཕྱོགས་གང་ཡང་རུང་བ་ཞིག་གིས་སི་རི་ཡའི་མངའ་ཁོངས་ལ་བཙན་འཛུལ་བྱས་མི་ཆོག་ཟེར།

དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཉིན་དེར་སུའུ་ཏ་ཉིས་དང་པུའུ་ལིན་ཁུན་གྱིས་དབྱི་རག་དང་ཨ་མེ་རི་ཁའི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་དང་ལྷག་པར་དུ་སི་རི་ཡའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་བྱས། སུའུ་ཏ་ཉིས་ཀྱིས་མིག་སྔའི་གནད་འགག་དུས་སྐབས་སུ་དབྱི་རག་གིས་སི་རི་ཡར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས་པར་མ་ཟད། མཛའ་མཐུན་རྒྱལ་ཁབ་ཀྱིས་ཀྱང་སི་རི་ཡའི་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། སི་རི་ཡར་རྒྱལ་ནང་གི་ཞི་བདེར་ཤུགས་རྐྱེན་ཐེབས་སྲིད་པའི་འགྲན་སློང་ཅི་རིགས་ལ་ཁ་གཏད་འཇལ་རོགས་བྱེད་དགོས་པའི་འབོད་སྐུལ་བཏང་།

སུའུ་ཏ་ཉིས་ཀྱིས་ཕྱོགས་གང་ཡང་རུང་བ་ཞིག་གིས་སི་རི་ཡའི་མངའ་ཁོངས་ལ་བཙན་འཛུལ་བྱས་མི་ཆོག་པའི་གལ་ཆེན་རང་བཞིན་ཐད་ནས་ནན་བཤད་བྱས་པར་མ་ཟད། བཙན་འཛུལ་གྱི་བྱ་སྤྱོད་དེའི་རིགས་ཀྱིས་དབུས་ཤར་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་ཐད་ཀར་འཇིགས་སྐུལ་སྟེར་ངེས་ཡིན་ཟེར།

པུའུ་ལིན་ཁུན་གྱིས་ཨ་མེ་རི་ཁ་དང་དབྱི་རག་གིས་སི་རི་ཡའི་མི་དམངས་ཀྱི་གདམ་གར་བརྩི་འཇོག་བྱས་ནས། ཆ་ཚང་བ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་སྣ་མང་ཅན་གྱི་སྲིད་གཞུང་ཞིག་འཛུགས་རྒྱུའི་ཐད་ནས་ངོས་འཛིན་གཅིག་མཐུན་བྱེད་ཀྱིན་ཡོད་ཟེར།

དབྱི་རག་ནི་པུའུ་ལིན་ཁུན་གྱིས་ཐེངས་འདིའི་དབུས་ཤར་དུ་འཚམས་འདྲི་བྱེད་སྐབས་ཀྱི་ས་ཚིགས་རྗེས་མ་དེ་ཡིན་ལ། འདིའི་སྔོན་ལ་པུའུ་ལིན་ཁུན་གྱིས་ཅོར་ཏན་དང་ཐུར་ཁེ་ལའང་འཚམས་འདྲི་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།