ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གསར་འགྱུར་ཅུའུ་ཡིས་ཚེས13ཉིན་གྱི་ཐོ་རེངས་དུས་སུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་བསྟན་དོན། ཐུར་ཁེ་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དུ་སྔོན་འགོག་གི་བྱེད་ཐབས་སྤྱད་དེ། ཁུའུ་ཨར་ཏི་བཟོ་བའི་ཏང་སོགས་སི་རི་ཡར་འགུལ་སྐྱོད་སྤེལ་བཞིན་པའི་འཇིགས་སྐུལ་རྩ་འཛུགས་ཡོད་ཚད་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། ཨེ་ཨར་ཏོན་ཨན་གྱིས་ཚེས12ཉིན་གྱི་དགོང་མོར་རྒྱལ་ས་ཨན་ཁ་ལ་རུ་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་དང་གྲོས་མོལ་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་ཅིང་། ཕྱོགས་གཉིས་ཀྱིས་སི་རི་ཡའི་ཆེས་གསར་བའི་གནས་བབ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་སྡུར་བྱས། ཨེ་ཨར་ཏོན་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཡིས་ཁུའུ་ཨར་ཏི་བཟོ་བའི་ཏང་དང་དེའི་ཁོངས་གཏོགས་རྩ་འཛུགས་ཀྱིས་སི་རི་ཡའི་གནས་བབ་བེད་སྤྱོད་བྱེད་པར་བཀག་འགོག་བྱེད་རྒྱུ་མ་ཟད། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་ཤུགས་ཆེན་གཏོང་རྒྱུ་ཡིན་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་པ་བྱས་ཏེ་སི་རི་ཡའི་ལས་ཁུངས་སླར་གསོ་དང་བསྐྱར་འཛུགས་བྱེད་དགོས་པའི་འབོད་སྐུལ་བཏང་།
གསལ་བསྒྲགས་ལས་བཤད་རྒྱུར། ཨེ་ཨར་ཏོན་ཨན་གྱིས་ད་དུང་མུ་མཐུད་དུ་ཐུར་ཁེ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བར་ཤུགས་སྣོན་རྒྱུ་ཡིན་པའི་ཚུལ་བསྟན།
གཞན་ཨ་མེ་རི་ཁའི་རྒྱལ་གཉེར་ཁང་གི་དཔོན་ཕྱོགས་ཀྱི་དྲ་ཚིགས་ལས་གནས་ཚུལ་སྤེལ་བ་ལྟར་ན། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་ཁྲོད་སི་རི་ཡའི་འཕེལ་རྒྱས་ཀྱི་གནས་སྟངས་གསར་བ་དང་ཨ་མེ་རི་ཁ་དང་ཐུར་ཁེ་བར་གྱི་ནུས་ཡོད་ཀྱི་ས་ཁུལ་མཉམ་ལས་ལ་གྲོས་སྡུར་བྱས་ཤིང་། སི་རི་ཡའི་མིས་གཙོ་ཁྲིད་བྱེད་ཅིང་། སི་རི་ཡའི་མི་ཚང་མའི་ཆབ་སྲིད་བར་བརྒལ་ལ་རྒྱབ་སྐྱོར་བྱས་ཏེ། འགན་ཁུར་ཞིང་བཟོད་སྒོམ་ལྡན་པའི་སྲིད་གཞུང་ཞིག་འཛུགས་རྒྱུ་ཡིན་ཟེར།
སི་རི་ཡ་ཆབ་སྲིད་ཅུའུ་ལ་ཉེ་ལམ་འགྱུར་ལྡོག་བྱུང་བཞིན་ཡོད་དེ། སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཤུགས་ཀྱིས་ཚེས་བརྒྱད་ཉིན་ཏ་མ་ཧྲི་ཀི་བཅིངས་འགྲོལ་བྱེད་རྒྱུ་མ་ཟད་ཨ་ས་ཏི་སྲིད་གཞུང་རྩ་སློག་བྱེད་པ་ཁྱབ་བསྒྲགས་བྱས། སི་རི་ཡ་བར་བརྒལ་སྲིད་གཞུང་གིས་ཚེས10ཉིན་དངོས་སུ་དབང་ཆ་བདག་འཛིན་བྱས་པ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།