ཧན་གོའི་རྒྱལ་སྲིད་ཙུང་ལི་ཡིས་རྒྱལ་སྲིད་བརྟན་འཇགས་ཡོང་བར་ནུས་ཤུགས་ཡོད་དགུ་འདོན་བཞིན་ཡོད་ཟེར།
2024.12.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཙུང་ཐུང་གི་འགན་དབང་ཚབ་མ་ཧན་གོའི་རྒྱལ་སྲིད་ཙུང་ལི་ཧན་ཏི་ཀྲུའུ་ཡིས་ཚེས14ཉིན་གྱི་དགོང་མོར་རྒྱལ་དམངས་གྲོས་མོལ་སྤེལ་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་རྒྱལ་སྲིད་བརྟན་འཇགས་ཡོང་བར་ནུས་ཤུགས་ཡོད་དགུ་འདོན་རྒྱུ་ཡིན་པའི་ཚུལ་བསྟན།

ཧན་གོའི་སྨྱན་བྱད་ཀྱིས་གསར་འགྱུར་སྤེལ་བ་ལྟར་ན། ཉིན་དེར་ཧན་ཏི་ཀྲུའུ་ཡིས་རྒྱལ་སའི་སྲིད་གཞུང་གི་ཐོག་ཁང་ཆེན་མོའི་ནང་གནས་སྐབས་ཀྱི་རྒྱལ་སྲིད་གྲོས་ཚོགས་བསྡུས་ནས། དཔལ་འབྱོར་དང་བདེ་སྲུང་། སྤྱི་ཚོགས་སོགས་ཁྱབ་ཁོངས་སུ་འཕྲད་པའི་གནད་དོན་དང་། འགན་དབང་ཚབ་མའི་རྐྱེན་སྲོལ་འོག་གི་རྒྱལ་སྲིད་གཉེར་སྐྱོང་གི་ཁ་ཕྱོགས་བཅས་ལ་གྲོས་སྡུར་བྱས།

ཧན་ཏི་ཀྲུའུ་ཡིས་བསྟན་དོན། ད་ལྟ་ཧན་གོ་དེ་ཕྱི་ནང་གཉིས་ཀྱི་དཀའ་ཁག་ཆེན་པོར་འཕྲད་ཡོད། སྲིད་གཞུང་གིས་ནུས་ཤུགས་ཡོད་དགུ་བཏོན་ནས་མིག་སྔའི་གནས་བབ་ཀྱིས་རྒྱལ་དམངས་ཀྱི་ཉིན་རྒྱུན་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཇེ་ཉུང་གཏོང་བ་དང་། བདེ་སྲུང་རྣམ་པ་བརྟན་པོ་ཞིག་བཙུགས་ཏེ། དངུལ་རྩ་དང་། ཕྱི་དངུལ་ཚོང་ར་བརྟན་པོར་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱ་རྒྱུ་མ་ཟད། རྒྱལ་ཚོགས་དང་མཐུན་སྦྱོར་དམ་ཟབ་བྱེད་ཅིང་། ཕན་ཚུན་རོགས་རེས་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་སྲུང་འཛིན་བྱ་རྒྱུ་ཡིན་ཟེར།

ཚེས14ཉིན་ཧན་གོའི་རྒྱལ་ཚོགས་ཀྱིས་ཙུང་ཐུང་དབྱིན་ཞི་ཡུའེ་ཡི་ནག་ཉེས་ཐེར་འདོན་འཕྲད་འདོན་གྲོས་གཞི་ཐེངས་གཉིས་པར་བརྡས་ཐག་བཅད་པ་སྟེ། ཡིད་འཐད་འདེམ་ཤོག204ཐོབ་ནས་འཕྲལ་འདོན་གྲོས་གཞིར་གྲོས་འཆམ་བྱུང་ཞིང་། དབྱིན་ཞི་ཡུའེ་ཡི་ཙུང་ཐུང་གི་འགན་དབང་མྱུར་དུ་མཚམས་བཞག  ཧན་གོའི་བཅའ་ཁྲིམས་གཞིར་བཟུང་ན། རྒྱལ་སྲིད་ཙུང་ལི་ཧན་ཏི་ཀྲུའུ་འགན་སྤྲོད་རིམ་པ་དང་པོ་ཡིན་པའི་ཆ་ནས་ཙུང་ཐུང་གི་འགན་དབང་ཚབ་མའི་འགན་ཁུར་དགོས།

གཞན་ཧན་གོའི་མཉམ་འབྲེལ་ཁང་གིས་གསར་འགྱུར་སྤེལ་བར་གཞིགས་ན། ཉེན་ཟོན་དམ་བསྒྲགས་ཡོ་ལང་གི་ཤུགས་རྐྱེན་ཐེབས་པ་ལས། ཧན་ཏི་ཀྲུའུ་དང་བཅས་པའི་ནེ་ཀི་ཡི་མི་སྣ་མང་པོ་ནང་འཁྲུག་ཏུ་ཞུགས་པར་བསྟན་ཡོད་ལ། ཧན་གོའི་ཉེན་རྟོན་ཐིན་གྱི་ཁོངས་གཏོགས་རྒྱལ་ཁབ་ཞིབ་བཤེར་པིན་པུའུ་ཡི་དམིགས་བསལ་ཞིབ་བཤེར་ཚོགས་པས་ཉེ་སྔོན་ཧན་ཏི་ཀྲུའུ་དང་རྒྱལ་ཁབ་གསང་མྱུལ་ཁང་གི་འགོ་གཙོ་ཀྲའོ་ཐའེ་ཡུང་སོགས་མི་བཅུ་གཅིག་ལ་བྲེལ་མྱུར་ཉེན་ཟོན་དམ་བསྒྲགས་ཀྱི་ཡོ་ལང་རྒྱས་པའི་ཐད་ནས་ཞིབ་བཤེར་དང་ལེན་བྱེད་པའི་བླང་བྱ་བཏོན།

རིག་འཛིན་སྒྲོལ་མས་བསྒྱུར།