དབྱི་སི་རལ་གྱི་ཙུང་ལིས་སི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་སྲིད་ཅེས་བཤད།
2024.12.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

 ཟླ12པའི་ཚེས10ཉིན།  དབྱི་སི་རལ་གྱི་དམག་དཔུང་དེ་ཀེ་ལན་མཐོ་སའི་ཤར་ངོས་ཀྱི་དམག་དོན་བར་ཁུལ་གྱི་ར་སྐོར་ཉེ་འགྲམ་དུ་བཀོད་སྒྲིག་བྱས། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚེ་ཡིས་ཚེས10ཉིན། དབྱི་སི་རལ་གྱིས་ད་ཡོད་ཀྱི་དབྱི་སི་རལ་གྱི་དམག་དོན་བར་ཁུལ་སི་རི་ཡའི་གཞོགས་སུ་དམག་དོན་ཅན་མིན་པའིའགོག་སྲུང་ཁུལབཙུགས་ནསདགྲར་འཛིན་སྟོབས་ཤུགསདབྱི་སི་རལ་ཕྱོགས་སུ་བཅར་རྒྱུ་སྔོན་འགོག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

དབྱི་སི་རལ་དམག་དཔུང་གི་སྤྱི་ཁྱབ་ཚན་མོའུ་ཀྲང་གིས་སི་རི་ཡའི་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱས་མེད་ཅེས་བཤད།

ཚེས14ཉིན།  དབྱི་སི་རལ་དམག་དཔུང་གི་སྤྱི་ཁྱབ་ཚན་མོའུ་ཀྲང་ཧ་ལའེ་ཝུའེ་ཡིས་ཀེ་ལན་གྱི་མཐོ་སར་སྡོད་པའི་དབྱི་སི་རལ་གྱི་དམག་དཔུང་ལ་ལྟ་ཞིབ་བྱེད་སྐབས། དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡའི་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་མི་སྲིད་ཅེས་བཤད།

ཧ་ལའེ་ཝུའེ་ཡིས་དབྱི་སི་རལ་གྱིས་སི་རི་ཡའི་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་མི་སྲིད་ལ་དོ་དམ་ཡང་མི་བྱེད་པར་དབྱི་སི་རལ་གྱི་དམག་མིས་ཀི་ལན་མཐོ་སར་དམག་གྲབས་བྱེད་པའི་དམིགས་ཡུལ་ནི“དབྱི་སི་རལ་གྱི་སྤྱི་དམངས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི”ཆེད་དུ་ཡིན། དབྱི་སི་རལ་གྱི་དམག་དཔུང་གིས་རང་འགུལ་བྱ་སྤྱོད་སྤེལ་བ་ནི“འཇིགས་སྐུལ་པ”འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ས་ཁོངས་སུ་རྐང་ཚུགས་རྒྱུ་སྔོན་འགོག་བྱ་རྒྱུ་དེ་ཡིན་ཟེར།

ཚེས14ཉིན།  “སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཤུགས”ཀྱི་འགོ་ཁྲིད་པ་ཨ་པུའུ·མུའུ་ཧན་མོ་ཏི·ཀྲུའུ་ལ་ཉིས་གསལ་བསྒྲགས་སྤེལ་ནས། ཉེ་ལམ་དབྱི་སི་རལ་གྱིས་སི་རི་ཡར་དམག་དོན་བྱ་སྤྱོད་སྤེལ་བར་སྐྱོན་བརྗོད་བྱས་པ་རེད། ཁོས་དེ་དང་ཆབས་ཅིག་སི་རི་ཡའི་ད་ལྟའི་དུས་སྐབས་ཀྱི་ལས་འགན་དང་པོ་ནི་བསྐྱར་སྐྲུན་དང་བརྟན་འཇགས་ཡིན་པ་ལས་སྔར་ལས་གཏོར་བཤིག་ཐེབས་སྲིད་པའི་གདོང་ཐུག་གི་ཁྲོད་དུ་ཞུགས་རྒྱུ་དེ་མིན་ཞེས་བརྗོད།

ཉེ་སྔོན་དབྱི་སི་རལ་གྱི་དམག་དཔུང་གིས་གསལ་བསྒྲགས་སྤེལ་ནས། ཉིན་ཤས་རིང་དུ། བསྟུད་མར་སི་རི་ཡའི“འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་གོ་མཚོན་མ་ལག་ལ་རྡུང་རྡེག་ཚབས་ཆེན་བཏང་བ”དང་སི་རི་ཡའི་མཁའ་ཟོན་མ་ལག་ལ“གཏོར་བཤིག་ཚབས་ཆེན”བཏང་ཡོད་ཟེར།  གཞན་ཡང་དབྱི་སི་རལ་དམག་དཔུང་གིས་ཀི་ལན་མཐོ་ས་ཧོར་མོང་རི་བོའི་རི་རྩེ་ཡི་དེ་སྔོན་སི་རི་ཡའི་སྲིད་གཞུང་དམག་གིས་ཚོད་འཛིན་བྱས་ཡོད་པའི་སོ་ལྟ་ཁང་དང་།  དེ་མིན་ཀི་ལན་མཐོ་སའི་ཤར་ངོས་སུ་ཡོད་པའི་དམག་དོན་བར་ཆོད་ཁུལ་ཚོད་འཛིན་བྱས་ཡོད།

ཀི་ལན་མཐོ་ས་ནི་སི་རི་ཡའི་ལྷོ་ནུབ་རྒྱུད་ཀྱི་དོག་ཅིང་རིང་བའི་ས་ཁུལ་ཞིག་ཡིན་པས“དབུས་ཤར་གྱི་ཆུ་མཛོད”ཅེས་བརྗོད་ཀྱི་ཡོད། དབྱི་སི་རལ་གྱིས་1967ལོའི་དབུས་ཤར་དམག་འཁྲུག་ཐེངས་གསུམ་པའི་ཁྲོད་དུ། འཐབ་ཇུས་འདིའི་ས་ཁུལ་མང་ཆེ་བ་བཟུང་བ་དང་། 1981ལོར་ཕྱོགས་གཅིག་པུས་ཀི་ལན་གྱི་བཙན་ས་བཙན་བཟུང་བྱས་པ་ཁྱབ་བསྒྲགས་བྱས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱི་ཀི་ལན་མཐོ་སའི་བདག་དབང་ཁས་ལེན་བྱེད་ཀྱི་མེད།

དབྱི་རག་གི་ཙུང་ལིས་སི་རི་ཡའི་ནང་སྲིད་ལ་ཕྱི་ཕྱོགས་ནས་ཐེ་ཇུས་བྱ་རྒྱུ་ངེས་པར་དུ་བཀག་འགོག་བྱེད་དགོས་ཞེས་བཤད།

ཚེས14ཉིན།  དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་ཡིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ཁ་པར་གཏོང་སྐབས།  སི་རི་ཡའི་ནང་སྲིད་ལ་ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱ་རྒྱུ་ངེས་པར་དུ་བཀག་འགོག་བྱེད་དགོས་ཞེས་བཤད།

དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་དོན་ཁང་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན།   སུའུ་ཏ་ཉི་དང་མ་ཁེ་ལུང་གིས་ཉིན་དེར་དབུས་ཤར་ས་ཁུལ་དང་ལྷག་པར་དུ་སི་རི་ཡའི་གནས་བབ་ལ་གྲོས་བསྡུར་བྱས་ཤིང་། སུའུ་ཏ་ཉི་ཡིས་ངེས་པར་དུ་སི་རི་ཡའི་མི་དམངས་ཀྱི་བསམ་འདུན་མངོན་འགྱུར་དང་ཁྱིམ་གཞིས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན།

སུའུ་ཏ་ཉི་ཡིས་སི་རི་ཡས་ཕྱོགས་ཡོངས་ཀྱི་ཆབ་སྲིད་འཕེལ་རིམ་བརྒྱུད་ནས་བར་བརྒལ་ཡོང་བ་བྱས་ཏེ། ཚོགས་སྤྱི་ཁག་གི་ཁེ་དབང་འགན་ལེན་བྱེད་པ་དང་།  མངའ་ཁོངས་ཆ་ཚང་དང་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་པ་དེ་ནི་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ཐད་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བཤད།

ཁ་པར་ནང་མཱ་ཁེ་ལུང་གིས་ཧྥ་རན་སི་ཡིས་དབྱི་རག་གི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། དབྱི་རག་གིས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་འདོན་སྤེལ་བྱས་པའི་ནུས་པར་བསྔགས་བརྗོད་ཀྱང་བྱ་རྒྱུ་ཡིན་ཞེས་བཤད།

རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ད་དུང་ཅ་ཧྲ་ས་ཁུལ་གྱི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས་ནས། ངེས་པར་དུ་ཕ་ལེ་སི་ཐན་མི་དམངས་ཀྱི་སྡུག་བསྔལ་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པ་ནན་བཤད་བྱས་པ་དང་། ལེ་པ་ནོན་དུ་དམག་མཚམས་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པའི་གལ་ཆེའི་རང་བཞིན་བསྐྱར་བསྒྲགས་བྱས།


འདི་ནི་ཟླ12པའི་ཚེས12ཉིན། ལེ་པ་ནོན་དང་སི་རི་ཡའི་མཐའ་མཚམས་ཀྱི་མེ་སི་ནའི་རྒྱལ་མཚམས་བརྒལ་བའི་ས་ཁུལ་དུ་པར་བླངས་པའི་སི་རི་ཡའི་མང་ཚོགས་རེད།

ཨ་རབ་མནའ་འབྲེལ་གྱིས་དབྱི་སི་རལ་གྱིས་སི་རི་ཡའི་བར་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་།

ཚེས14ཉིན།   སི་རི་ཡའི་གནད་དོན་ཐད་ཀྱི་ཨ་རབ་ཀྱི་པུའུ་ཀྲང་རིམ་པའི་འབྲེལ་གཏུག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཅོར་ཏན་གྱི་ཡ་ཁ་པར་བསྡུས་པ་དང་། ཚོགས་འདུ་གྲོལ་རྗེས་སྤེལ་བའི་གསལ་བསྒྲགས་ནང་བསྟུན་མཁས་དང་ཞི་བདེའི་སི་རི་ཡའི་ཆབ་སྲིད་བར་བརྒལ་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ནས། སི་རི་ཡའི་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་རམ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།  ཉིན་ཤས་སྔོན་ཨ་རབ་མནའ་འབྲེལ་གྱིས་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱས་ཏེ།  དབྱི་སི་རལ་གྱིས་སི་རི་ཡའི་དམག་དོན་བར་ཁུལ་དང་ཉེ་འདབས་ས་ཁུལ་གྱི་དམག་དོན་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་།  དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་སི་རི་ཡའི་མངའ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་པ་རེད།

ཅོར་ཏན་དང་། སོ་ཏི་ཨ་རབ། དབྱི་རག ལེ་པ་ནོན། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རེན་རྒྱལ་ཁབ། ཁ་ཐར་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཚེས14ཉིན་བསྡུས་པའི་སི་རི་ཡའི་གནད་དོན་ཐད་ཀྱི་ཨ་རབ་ཀྱི་པུའུ་ཀྲང་རིམ་པའི་འབྲེལ་གཏུག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཞུགས།  ཚོགས་འདུའི་སྟེང་སྤེལ་བའི་གསལ་བསྒྲགས་ལས། སི་རི་ཡའི་མི་དམངས་ཀྱི་འདོད་བློ་དང་གདམ་གར་བརྩི་འཇོག་བྱས་ནས་ཁོ་ཚོར་དགོས་ངེས་ཀྱི་རོགས་རམ་དང་རྒྱབ་སྐྱོར་མཐའ་དག་བྱ་རྒྱུ་དང་། ཁོང་ཡངས་ཞི་བདེའི་སི་རི་ཡའི་ཆབ་སྲིད་བར་བརྒལ་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ནས། སི་རི་ཡའི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་བ། བདག་དབང་དང་བདེ་འཇགས། བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

གསལ་བསྒྲགས་ནང་ད་དུང་སི་རི་ཡའི་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་རམ་བྱས་ཏེ།  སི་རི་ཡའི་ཉམ་ཐག་མི་སེར་རང་མོས་ངང་ཕ་ཡུལ་དུ་ལོག་རྒྱུར་ཆ་རྐྱེན་བསྐྲུན་དགོས་པ་མ་ཟད། དེའི་ཐད་དགོས་ངེས་ཀྱི་རོགས་སྐྱོར་མཐའ་དག་བྱེད་དགོས་ཞེས་ནན་ཀྱིས་བསྟན་དོད།

ཐེངས་འདིའི་ཚོགས་འདུར་ཞུགས་མཁན་གྱི་ཁྲོད་དུ་ད་དུང་ཐུར་ཁེ་དང་ཧྥ་རན་སི། དབྱིན་ཇི། འཇར་མན་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་འཐུས་མི་དང་། ཨ་རིའི་རྒྱལ་དོན་འགོ་འཛིན། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉ་བཅས་ཡོད་པ་རེད།

ཚེས14ཉིན། སྤྱི་ཁྱབ་པུའུ་དབྱིན་ཇིར་ཡོད་པའི“སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་ནས།  ཉིན་དེའི་སྔ་དྲོ་དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་སི་རི་ཡའི་དམག་དོན་དམིགས་འབེན་ལ་རེས་སྐོར4བའི་མཁའ་རྒོལ་ཐེངས17བྱས་པའི་ཁྲོད།  ཚན་ཞིབ་སྒྲིག་ལས་ཁུངས་དང་ལྕགས་རིགས་ལུགས་རྒྱག་བཟོ་གྲྭ  འཕུར་མདེལ་མཛོད་ཁང་། མཁའ་དམག་རྟེན་གཞི་བཅས་ཚུད་ཡོད་པ་དང་།  སི་རི་ཡའི་མངའ་ཁོངས་ཀྱི་དམག་དོན་རྒྱུ་ནོར་ལྷག་མ་རྣམས་གཏོར་བརླག་གཏོང་རྩིས་ཡོད་པ་རེད་ཟེར།  མིག་སྔར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད།

ཉིན་ཤས་ཀྱི་སྔོན་དུ། ཨ་རབ་མནའ་འབྲེལ་གྱིས་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱས་ཏེ་དབྱི་སི་རལ་གྱིས་སི་རི་ཡའི་བར་ཁུལ་དང་ཉེ་འདབས་ས་ཁུལ་གྱི་དམག་དོན་བྱ་སྤྱོད་ལ་རྒོལ་གཏམ་བཏང་།  གྲོས་ཆོད་ནང་དབྱི་སི་རལ་དང་སི་རི་ཡ་རྒྱལ་ཁབ་གཉིས་ཀྱིས1974ལོར་མིང་རྟགས་བཀོད་པའི《དཔུང་སྡེ་འབྲེལ་གཏུག་དང་ཁ་བྲལ་བའི་གྲོས་མཐུན》ལ་སྔར་བཞིན་ནུས་པ་ཐོན་པ་དང་། སི་རི་ཡའི་དུས་བབ་ཟང་ཟིང་གི་ཤུགས་རྐྱེན་མི་ཐེབས་ཞེས་འཁོད་ཡོད་པ་རེད།

ཚེས13ཉིན་གྱི་ནམ་གུང་། ཐུར་ཁེའིNTVབརྙན་འཕྲིན་ལས་ཁུངས་ཀྱིས་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཕེ་ཏན་གྱི་སྐད་ཆ་དྲངས་ནས་བརྗོད་དོན། སི་རི་ཡར་་སྡོད་པའི་ཐུར་ཁེའི་གཞུང་ཚབ་ཁང་ཆེན་མོ་ཚེས14ཉིན་སླར་ཡང་སྒོ་འབྱེད་རྩིས་ཡོད་པ་རེད། གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་དང་ལས་དོན་མི་སྣ་ཚེས་13ཉིན་གྱི་སྔ་དྲོར་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུ་རུ་སོང་སྟེ་སྒོ་མ་ཕྱེ་གོང་གི་གྲ་སྒྲིག་བྱ་བ་སྒྲུབ་བཞིན་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།