ཟླ12པའི་ཚེས14ཉིན། དབྱི་སི་རལ་དམག་དཔུང་གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་ཧ་ལའེ་ཝའེ་ཡིས་ཀེ་ལན་གྱི་ས་མཐོ་རུ་སྡོད་པའི་དབྱི་སི་རལ་གྱི་དམག་དཔུང་ལ་ཞིབ་ལྟ་བྱེད་སྐབས། དབྱི་སི་རལ་དམག་དཔུང་གིས་སི་རི་ཡའི་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་མི་སྲིད་ཟེར།
ཧ་ལའེ་ཝའེ་ཡིས་དབྱི་སི་རལ་གྱིས་སི་རི་ཡའི་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་མི་སྲིད་ལ་དོ་དམ་ཡང་མི་བྱེད་པར་དབྱི་སི་རལ་གྱི་དམག་མིས་ཀེ་ལན་ས་མཐོ་རུ་དམག་གྲབས་བྱེད་པའི་དམིགས་ཡུལ་ནི། དབྱི་སི་རལ་གྱི་སྤྱི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད་ཡིན། དབྱི་སི་རལ་དམག་དཔུང་གིས་རང་འགུལ་བྱ་སྤྱོད་སྤེལ་བ་ནི“འཇིགས་སྐུལ་པ”འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ས་ཁོངས་སུ་རྐང་བརྟན་པོ་ཚུགས་ཐུབ་པར་གྲ་སྒྲིག་བྱེད་རྩིས་ཡོད་པ་གཏན་འགོག་བྱ་ཆེད་ཡིན་ཟེར།
ཚེས14ཉིན“སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཤུགས”ཀྱི་འགོ་ཁྲིད་པ་ཨ་པུའུ·མུའུ་ཧན་མོ་ཏི·ཀྲུའུ་ལཱ་ཉིས་གསལ་སྒྲོག་སྤེལ་ཏེ། ཉེ་ལམ་དབྱི་སི་རལ་གྱིས་སི་རི་ཡར་དམག་དོན་བྱ་སྤྱོད་སྤེལ་བར་སྐྱོན་བརྗོད་བྱས། ཁོས་དེ་དང་ཆབས་ཅིག་ཏུ་སི་རི་ཡའི་ད་ལྟའི་དུས་མཚམས་ཀྱི་ལས་འགན་ཨང་དང་པོ་ནི་བསྐྱར་སྐྲུན་དང་བརྟན་བརླིང་ཡིན་པ་ལས་སྔར་ལས་གཏོར་བཤིག་ཐེབས་སྲིད་པའི་འཁྲུག་རྩོད་ཀྱི་ནང་ཚུད་རྒྱུ་དེ་མིན་ཟེར།
དབྱི་སི་རལ་དམག་དཔུང་གིས་དེའི་སྔོན་ལ་གསལ་སྒྲོག་སྤེལ་ནས། བསྟུད་མུར་ཉིན་འགའི་རིང་ལ། སི་རི་ཡའི“འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་གོ་མཚོན་མ་ལག་ལ་རྡུང་རྡེག་ཚབས་ཆེན་བཏང་བ”དང་སི་རི་ཡའི་མཁའ་ཟོན་མ་ལག་ལ“གཏོར་བཤིག་ཚབས་ཆེན”བཏང་ཡོད་ཟེར། གཞན་ཡང་དབྱི་སི་རལ་དམག་དཔུང་གིས་ཀེ་ལན་ས་མཐོའི་ཧོར་མོང་རི་བོའི་རི་རྩེ་རུ་ཡོད་པའི། དེ་སྔའི་སི་རི་ཡའི་སྲིད་གཞུང་དམག་གིས་ཚོད་འཛིན་བྱས་ཡོད་པའི་སོ་ལྟ་ཁང་དང་དེ་བཞིན་ཀེ་ལན་ས་མཐོའི་ཤར་ངོས་སུ་ཡོད་པའི་དམག་དོན་བར་བཅད་ས་ཁུལ་ཚོད་འཛིན་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།