མཉམ་འབྲེལ་རྒྱལ་ཚོགས་བྱེ་འགྱུར་འགོག་བཅོས་ཚོགས་ཆེན་ལས་གྲོས་ཆོད་ཡིག་ཆ་སོ་དགུར་གྲོས་འཆམ་བྱུང་།
2024.12.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

མཉམ་འབྲེལ་རྒྱལ་ཚོགས་བྱེ་འགྱུར་འགོག་བཅོས་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པས་དུས་ཚོད་ཁ་སྣོན་བྱས་པ་བརྒྱུད། ཚེས14ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་ནས་མཇུག་སྒྲིལ། ཚོགས་ཆེན་ལས་སྤྱི་ཆིངས་ཀྱི2025ལོ་ནས་2026ལོའི་སྔོན་རྩིས་དང་། བྱེ་རླུང་ཆེན་མོར་ཁ་གཏད་འཇལ་བ། ཐན་སྐམ་ལ་ཁ་གཏད་འཇལ་བ། ཚན་རིག་ཞིབ་འཇུག་ཐད་ཀྱི་གསར་གཏོད་ཤུགས་དྲག་ཏུ་གཏོང་བ་སོགས་གྲོས་ཆོད་ཡིག་ཆ་སོ་དགུར་གྲོས་འཆམ་བྱུང་།

2024ལོའི་ཟླ12ཚེས14ཉིན། སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་རུ། སོ་ཏི་ཨ་རབ་ཀྱི་ཁོར་ཡུག་དང་ཆུ་བེད། ཞིང་ལས་བཅས་ཀྱི་བློན་ཆེན་ཨ་པུའུ་ཏུའུ་ལི་ལ་ཧིན་མན་ཧྥ་ཏི་ལིས་ཀྱིས་མཇུག་སྒྲིལ་གྲོས་ཚོགས་སྟེང་གཏམ་བཤད།

མཉམ་འབྲེལ་རྒྱལ་ཚོགས་བྱེ་འགྱུར་འགོག་བཅོས་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས་པའི་རྒྱལ་ཁབ200ཙམ་གྱིས་ས་ཞིང་སླར་གསོ་དང་ཐན་འགོག་ནུས་པ་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྔོན་ལ་འཇོག་པའི་ལས་དོན་དུ་བྱེད་རྒྱུ་མ་ཟད། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་དང་ནམ་ཟླའི་འགྱུར་ལྡོག་དང་འཚམ་པར་བྱེད་པའི་འཐབ་ཇུས་གལ་ཆེན་དུ་བརྩི་རྒྱུའི་དམ་བཅས། རྒྱལ་ཁབ་སོ་སོ་ད་དུང་འབྱུང་འགྱུར་གྱི་འཛམ་གླིང་གིས་ཐན་སྐམ་ལ་ཁ་གཏད་འཇལ་བའི་རྐྱེན་སྲོལ་འཛུགས་པའི་གྲོས་རིམ་རང་བཞིན་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། མཇུག་སྒྲིལ་གྲོས་ཚོགས་སྐབས་སུ་ཆེད་དམིགས་ཚན་ཆུང་བཙུགས་ནས་འབྲེལ་ཡོད་བྱ་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། 2026ལོར་མོང་གོལ་རྒྱལ་ཁབ་ཏུ་སྤེལ་འཆར་ཡོད་པའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་གྲོས་རིམ་འདི་ལེགས་འགྲུབ་བྱ་རྒྱུ་ཐག་བཅད། དུས་མཉམ་དུ། རྒྱལ་ཁབ་སོ་སོས་མེ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གཉིས་ཀྱི་མ་དངུལ་འདོན་སྤྲོད་བྱས་ཏེ་འཛམ་གླིང་དང་ལྷག་པར་ཆེས་ཉམས་ཞན་པའི་རྒྱལ་ཁབ་ཀྱི་བྱེ་འགྱུར་དང་ས་ཞིང་ཞན་འགྱུར། ཐན་སྐམ་གྱི་གནད་དོན་བཅས་ལ་ཁ་གཏད་འཇལ་བའི་ཐད་བཀོལ་སྤྱོད་བྱ་རྒྱུ་ཡིན་པའི་དམ་བཅས།

སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་དབྱི་པུའུ་ལ་ཞིན་ཏིས་ཨོ་ཡིས་མཇུག་སྒྲིལ་བའི་ཚང་འཛོམས་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་ཏེ། ཐེངས་འདིའི་ཚོགས་ཆེན་གྱིས་ས་ཞིང་དང་ཐན་སྐམ་གྱི་གྲོས་གཞི་དེ་སྔར་ལས་ཁྱབ་ཆེ་བའི་རིམ་པར་མཐོར་འདེགས་བཏང་ནས་གྲོས་སྡུར་བྱེད་རྒྱུ་མ་ཟད། དེ་འཛམ་གླིང་གིས་འབད་པ་ཆེན་པོས་ནམ་ཟླའི་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་རིང་བཞིན་དང་འབྲུ་རིགས་བདེ་འཇགས་སོགས་ཕན་ཚུན་གཅིག་འབྲེལ་གྱི་འགྲན་སློང་ལ་ཁ་གཏད་འཇལ་ཆེད་རྨང་རྡོ་ལྟ་བུ་བྱེད་པའི་གཏན་ཕབ་བྱས།

ཁོས་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱིས་ཐན་སྐམ་ལ་ཇི་ལྟར་ཁ་གཏད་འཇལ་བའི་གནད་འགག་གི་གནད་དོན་ཐད་ནས་དམིགས་འབེན་གཅིག་གྱུར་བྱེད་པར་དུས་ཚོད་གང་མང་ཞིག་གཏོང་དགོས་ཀྱང་། ལི་ཡ་ཏི་ཡི་འཛམ་གླིང་ཐན་འགོག་གྲོགས་པོའི་འབྲེལ་བ་མགོ་བརྩམས་པ་དེས་ང་རང་རེ་བས་ཁེངས་བར་བྱས་ཤིང་། ལམ་ཚད་རྡོ་རིང་ལྟ་བུའི་གྲོས་གཞི་འདིས་ང་ཚོས་དུས་རབས་འདིའི་ཆེས་དགོས་གཏུག་ཏུ་གྱུར་པའི་འགན་སློང་གྲས་ཀྱི་གཅིག་ལ་ཁ་གཏལ་འཇལ་བར་འབད་འབུངས་བྱ་ངེས་ཡིན་ཅེས་བསྟན།

མཉམ་འབྲེལ་རྒྱལ་ཚོགས་བྱེ་འགྱུར་འགོག་བཅོས་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་ཀྲུའུ་ཞི། སོ་ཏི་ཨ་རབ་ཀྱི་ཁོར་ཡུག་དང་ཆུ་བེད། ཞིང་ལས་བཅས་ཀྱི་བློན་ཆེན་ཨ་པུའུ་ཏུའུ་ལི་ལ་ཧི་མན་ཧྥ་ཏི་ལིས་ཀྱིས་མཇུག་སྒྲིལ་བའི་ཚང་འཛོམས་གྲོས་ཚོགས་སྟེང་། ཐེངས་འདིའི་གྲོས་ཚོགས་ལས་དཀྱོགས་མཚམས་ཤིག་མཚོན་ཡོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་སོ་སོའི་ས་ཞིང་མྱུར་དུ་སླར་གསོ་བྱེད་པ་དང་ཐན་འགོག་ནུས་པ་མཐོར་འདེགས་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོར་ངོས་ཤེས་བསྐྱེད་ཐུབ་སོང་ཞེས་བསྟན།

ཁོས་བཤད་ན། ང་ཚོས་ཐེངས་འདིའི་གྲོས་ཚོགས་ཀྱི་མཇུག་འབྲས་ལས་དཀྱོགས་མཚམས་གལ་ཆེན་ཞིག་འདོན་སྤྲོད་བྱས་ནས། ས་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་དང་ས་ཞིང་ཞན་འགྱུར་ཇེ་ཉུང་དུ་གཏོང་བ། ཐན་སྐམ་ལ་ཁ་གཏད་འཇལ་བའི་ནུས་པ་བཏོན་ནས། འཛམ་གླིང་གི་ས་ཁུལ་སོ་སོའི་སྡོད་ཁུལ་གྱི་བདེ་སྐྱིད་ཀྱི་ཆེད་དུ་བྱས་རྗེས་འཇོག་དགོས་ཟེར།

གྲོས་ཚོགས་ཀྱི་སྐབས་སུ། ཀྲུང་གོའི་འཐུས་ཚབ་ཚོགས་པས་ཀྲུང་གོའི་འགྲེམ་ཁང་གི་མུ་འབྲེལ་བྱ་འགུལ་སྤེལ་ནས། བསྡོམས་པས་འབྲེལ་ཡོད་ཚོགས་འདུ་ཐེངས་བཅུ་ལྷག་བསྡུས་ཤིང་། རྒྱལ་ཁབ་མང་པོའི་མི་སྣ་གལ་ཆེན་འབྲེལ་ཡོད་བྱ་འགུལ་ལ་ཞུགས་ཡོད། ཀྲུང་གོའི་འགྲེམ་ཁང་གིས་ཀྲུང་གོའི་སྐད་སྒྲ་བརྒྱུད་སྒྲོག་ནུས་ལྡན་བྱས་ནས། བྱེ་འགོག་བྱེ་བཅོས་ཐད་ཀྱི་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་འཆད་ཅིང་། ཕྱོགས་གཉིས་དང་ཕྱོགས་མང་གི་བརྗེ་རེས་གྲོས་མོལ་ལ་སྐུལ་འདེད་བཏང་།

ཀྲུང་གོའི་འཐུས་ཚབ་ཚོགས་པ་སྤྱི་ཆིངས་ཀྱི་དཀྱིལ་སྙིང་སྔོན་རྩིས་དང་། ཐན་སྐམ་ལ་ཁ་གཏད་འཇལ་བའི་རྐྱེན་སྲོལ་བཀོད་སྒྲིག་དང་། དུས་སྐབས་བར་མའི་དཔྱད་འཇོག མ་འོངས་པའི་འཐབ་ཇུས་གཏན་འབེབ། རྩྭ་ས་དང་ཕྱུགས་ར། བྱེ་རླུང་ཆེན་མོ་སོགས་ཀྱི་གྲོས་གཞིར་ཧུར་ཐག་གིས་ཞུགས་པ་དང་། སྤྱི་ཆིངས་ལག་བསྟར་རྩིས་བཤེར་ཨུ་ཡོན་ལྷན་ཁང་དང་། ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་དང་གྲོས་མོལ་བྱས་ནས། འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།