དབྱི་སི་རལ་གྱི་ཙུང་ལིས་དབྱི་སི་རལ་གྱིས་སི་རི་ཡ་དང་དམག་འཁྲུག་རྒྱག་འདོད་མེད་ཅེས་བཤད།
2024.12.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཚེས15ཉིན་གྱི་དགོང་མོ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་བརྙན་ལམ་ནས་གསལ་བསྒྲགས་སྤེལ་ཏེ། “དབྱི་སི་རལ་གྱིས་སི་རི་ཡ་དང་དམག་འཁྲུག་རྒྱག་འདོད་མེད། ”དབྱི་སི་རལ་ཕྱོགས་ཀྱིས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སི་རི་ཡར་འཛིན་པའི་སྲིད་ཇུས་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ནེ་ཐ་ཉི་ཡ་ཧུའུ་ཡིས་ལོ་བཅུ་ཕྲག་ཁ་ཤས་རིང་སི་རི་ཡ་ནི་སྔར་ནས་བཟུང་དབྱི་སི་རལ་གྱི་དགྲར་འཛིན་རྒྱལ་ཁབ་ཅིག་ཡིན་པ་དང་དབྱི་སི་རལ་ལ་འཇབ་རྒོལ་བྱས་པ་མ་ཟད། དབྱི་ལང་གིས་སི་རི་ཡའི་མངའ་ཁོངས་བརྒྱུད་དེ་ལེ་པ་ནོན་གྱི་ཀྲིན་ཀྲུའུ་ཏང་ལ་མཚོན་ཆ་སྤྲོད་དུ་བཅུག་ཡོད། གནས་ཚུལ་དེ་རིགས་ནམ་ཡང་མི་འབྱུང་བར་འགན་ལེན་བྱ་ཆེད། དབྱི་སི་རལ་གྱིས་ཉེ་ལམ་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས་སི་རི་ཡ་ནས་ཡོང་བའི་མངོན་མེད་འཇིགས་སྐུལ་ཕམ་ཉེས་སུ་གཏོང་བ་དང་འབྲེལ“འཇིགས་སྐུལ་པར”“མཐའ་མཚམས་ཉེ་འདབས”ཀྱི་ཚོད་འཛིན་དབང་ཆ་ཐོབ་པར་སྔོན་འགོག་བྱས་པ་ཡིན་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། འདས་ཟིན་པའི་ཉིན་ཤས་ནང་དབྱི་སི་རལ་གྱིས་ལོ་བཅུ་ལྷག་གི་རིང་བསྐྲུན་པའི་ནུས་པར་གཏོར་སྐྱོན་བཏང་བ་དང་། སི་རི་ཡ་བརྒྱུད་ནས་ཀྲིན་ཀྲུའུ་ཏང་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་ལམ་ཐིག་ལ་རྡུང་རྡེག་བཏང་ནས། དབྱི་སི་རལ་གྱིས་ཀྲིན་ཀྲུའུ་ཏང་གིས་དྲག་ཆས་བསྐྱར་སྐྲུན་བྱེད་པར་བཀག་འགོག་བྱ་རྒྱུར་གཞོལ་བཞིན་ཡོད། ཁོས་དབྱི་སི་རལ་གྱིས“དབུས་ཤར་ལ་འགྱུར་ལྡོག་གཏོང་བར”འབད་བརྩོན་བྱེད་བཞིན་ཡོད་ཅེས་ནན་བཤད་བྱས།

ནེ་ཐ་ཉི་ཡ་ཧུའུ་ཡིས་ད་དུང་བཤད་རྒྱུར།  ཁོས་དེ་ཉིན་སྔ་ཙམ་དུ་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐི་ལིང་ཕུའུ་དང་ཁ་པར་བཏང་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་མཛའ་གྲོགས་དང་ལྷག་བསམ་རྣམ་དག་གི་སྐོར་ནས་གྲོས་མོལ་གལ་ཆེན་བྱས་པ་དང་།  ལྷག་པར་དུ་ཅ་ཧྲ་ས་ཁུལ་གྱི་བཀག་ཉར་མི་སྣའི་གནད་དོན་སྐོར་གླེང་ཡོད།  ཁོས་དབྱི་སི་རལ་ཕྱོགས་ཀྱིས་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་ཅ་ཧྲ་ས་ཁུལ་དུ་བཀག་གཉེར་བྱས་ཡོད་པའི་མི་སྣ་རྣམས་གསོན་པོར་གནས་པའམ་ཡང་ན་ཤི་བ་གང་ཡིན་ཡང་རུང་གློད་བཀྲོལ་གཏང་རྒྱུ་ཡིན་པར་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།