དབྱི་སི་རལ་སྨྱན་བྱད་ཀྱིས་དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཁཱ་ཐར་ལ་སོང་ནས་ཅཱ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་ཟེར།
2024.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱི་སི་རལ་གྱི་ཝ་ལཱ་གསར་འགྱུར་དྲ་ཚིགས་ཀྱིས་ཚེས16ཉིན་གྱི་དགོང་མོར་བསྒྲགས་རྒྱུར། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཉིན་དེར་ཁཱ་ཐར་ལ་སོང་ནས་ཅཱ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་ཟེར།

གསར་འགྱུར་དེ་ལས་དབྱི་སི་རལ་གྱི་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས་བསྒྲགས་རྒྱུར། དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་ལས་སྒྲུབ་ཅུའུ། དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་དང་། དབྱི་སི་རལ་དམག་ཕྱོགས་མི་སྣ་བཅས་ཀྱིས་གྲུབ་པའི་འཐུས་ཚབ་ཚོགས་པ་ཉིན་དེར་ཁཱ་ཐར་ལ་སོང་ནས་ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པ་དང་བཀག་སྐྱིལ་མི་སྣ་གློད་བཀྲོལ་གཏོང་བའི་སྐོར་གྱི་གྲོས་སྡུར་ལ་ཞུགས་ཟེར། དཔོན་པོ་དེས་བསྟན་དོན། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཐེངས་འདིར་གྲོས་སྡུར་ལ་ཞུགས་པ་དེས་གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་པ་དང་ཡང་ན་ཕྱོགས་གཉིས་པོ་གྲོས་མཐུན་འབྱུང་བར་ཉེ་བ་གསལ་བཤད་བྱས་མེད་ཟེར།

འདས་པའི་ཟླ་འགའི་རིང་ལ། ཁཱ་ཐར་གྱི་ཏའོ་ཧྭ་དང་ཨེ་ཅིབ་ཀྱི་ཁ་རོ་རུ་ཐེངས་མང་པོར་ཅཱ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་བྱས་མོད། འོན་ཀྱང་ད་དུང་འཐབ་རྩོད་མཇུག་བསྒྲིལ་བའི་གྲོས་མཐུན་བྱུང་མེད།

ལྷ་མོ་འཚོས་བསྒྱུར།