ཨུ་རི་སིའི་རྒྱལ་སྲུང་པུའུ་ཀྲང་གིས་བཤད་པ་ལྟར་ན་ཨུ་རི་སིས་མི་མེད་མ་ལག་གི་དཔུང་ཁག་ཅིག་སྒྲིག་འཛུགས་བྱ་རྒྱུ་རེད།
2024.12.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

ཨུ་རི་སིའི་རྒྱལ་སྲུང་པུའུ་ཀྲང་པེ་ལོ་ཝུའུ་སོ་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། ཨུ་རི་སིས་དམག་དཔུང་རིགས་གསར་པ་སྟེ་མི་མེད་མ་ལག་གི་དཔུང་ཁག་ཅིག་སྒྲིག་འཛུགས་བྱ་རྒྱུ་ཡིན་ཟེར།

ཨུ་རི་སིའི་རྒྱལ་སྲུང་པུའུ་ཡིས་ཚེས16ཉིན་མོ་སི་ཁོ་རུ་རྒྱས་འཛོམས་གྲོས་ཚོགས་བསྡུས་པ་དང་། པེ་ལོ་ཝུའུ་སོ་ཧྥུའུ་ཡིས་གྲོས་ཚོགས་སྟེང་། ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་གྱི་འབྲེལ་ཡོད་མཛུབ་སྟོན་གཞིར་བཟུང་ནས། མི་མེད་མ་ལག་གི་དཔུང་ཁག་ཅིག་སྒྲིག་འཛུགས་བྱ་རྒྱུའི་གྲོས་གཞི་བཏོན། སྒྲིག་འཛུགས་འཆར་གཞི་དེ་ཆེས་སྔ་ན་2025ལོའི་དུས་ཚིགས་གསུམ་པའི་ནང་དུ་ལེགས་འགྲུབ་བྱ་ཐུབ་ཟེར།

པེ་ལོ་ཝུའུ་སོ་ཧྥུའུ་ཡིས་ད་དུང་བསྟན་དོན། བར་སྣང་མ་ལག་གིས་དམག་འཐབ་འགུལ་སྐྱོད་ལ་རྒྱབ་སྐྱོར་ཐུབ་པའི་ཁྲོད་ཀྱི་བྱེད་ནུས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་བསྟུན་ནས། ཨུ་རི་སིས་ཚན་རིག་ཞིབ་འཇུག་གི་ལྟེ་གནས་ཤིག་འཛུགས་དགོས་བྱུང་ཞིང་། དེ་ཕྱོགས་ཁྲིད་མ་ལག་འཕེལ་རྒྱས་དང་བར་སྣང་འཇིགས་སྐུལ་ལ་ཁ་གཏད་འཇལ་བའི་ཐད་བེད་སྤྱོད་གཏོང་འདོད་ཡོད་ཟེར།

ཨུ་རི་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས16ཉིན་ཕུའུ་ཅིན་གྱིས་ཉིན་དེའི་ཨུ་རི་སིའི་རྒྱལ་སྲུང་པུའུ་ཡི་རྒྱས་འཛོམས་གྲོས་ཚོགས་སྟེང་བཤད་པའི་སྐད་ཆ་ཁྱབ་བསྒྲགས་བྱས། ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་མདུན་ཕྱོགས་ཁུལ་ཁོངས་ཀྱི་འབེན་ཁག་སྤྱི་ལེ5500ཡིན་པའི་གནད་འཁེལ་ཚད་མཐོ་བའི་སྐམ་སའི་རྟེན་གཞིའི་རྡུང་རྡེག་མ་ལག་ཅིག་བསྐྲུན་རྩིས་ཡོད་པས། ཨུ་རི་སི་ཕྱོགས་ཀྱིས་དེར་སེམས་ཁུར་བྱེད་པའི་ཚུལ་བསྟན། ཨ་མེ་རི་ཁ་འབྲིང་རིམ་འབེན་ཐག་གི་མེ་ཤུགས་འཕུར་མདའི་སྤྱི་ཆིངས་ལས་ཕྱིར་བུད་རྗེས། ཨུ་རི་སིས་ཕྱོགས་རྐྱང་པའི་སྒོ་ནས་འབྲེལ་ཡོད་དོན་ཚན་བརྩི་སྲུང་བྱས་ཡོད། གལ་ཏེ་ཨུ་མེ་རི་ཁས་དེའི་རིགས་ཀྱི་མཚོན་ཆ་བཀོད་སྒྲིག་བྱ་རྒྱུའི་མགོ་བརྩམས་པ་ཡིན་ན། ཨུ་རི་སི་ཕྱོགས་ཀྱིས་འབྲེལ་ཡོད་བཀག་རྒྱ་མེད་པར་གཏོང་རྒྱུ་ཡིན་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།