ཧུའུ་སའེ་དྲག་ཆས་པས་ཨ་མེ་རི་ཁའི་མཁའ་དམག་གིས་ཡེ་མིན་ས་ནཱ་ཡི་རྒྱལ་སྲུང་ཐོག་ཁང་ཆེན་མོར་འཇབ་རྒོལ་བྱས་ཟེར།
2024.12.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཧུའུ་སའེ་དྲག་ཆས་པས་ཚོད་འཛིན་བྱས་པའི་མ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས17ཉིན་གསར་འགྱུར་སྤེལ་བ་ལྟར་ན། ཨ་མེ་རི་ཁའི་དམག་འཐབ་གནམ་གྲུ་ཞིག་གིས་ཚེས16ཉིན་གྱི་དགོང་མོར་ཧུའུ་སའེ་དྲག་ཆས་པས་ཚོད་འཛིན་བྱས་པའི་ཡེ་མིན་གྱི་རྒྱལ་ས་ས་ནཱ་ཡི་རྒྱལ་སྲུང་ཐོག་ཁང་ཆེན་མོར་འཇབ་རྒོལ་བྱས་ཟེར། ཨ་མེ་རི་ཁའི་དམག་དཔུང་གིས་ཧུའུ་སའེ་དྲག་ཆས་པའི་དམིགས་འབེན་གཏན་ཁེལ་བྱས་ནས་བར་སྣང་འཇབ་རྒོལ་བྱས་པ་རེད།

མ་ཞི་ལཱ་བརྙན་འཕྲིན་ཁང་གིས་གསར་འགྱུར་ལས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་པས་ཨ་མེ་རི་ཁའི་མཚོ་དམར་གྱི་ཁེ་ཕན་དང་མཚོ་འགྲུལ་ཐད་ནས་རྒོལ་ལན་སྤྲོད་རྒྱུ་ཡིན་པའི་དམ་བཅས་ཟེར་ཡང་། གསར་འགྱུར་ལས་ཐེངས་འདིའི་འཇབ་རྒོལ་ལས་བཟོས་པའི་ཤི་རྨས་དང་གྱོང་གུད་ཇི་འདྲ་ཡིན་པ་བཤད་མེད།

ས་ནཱ་ཡི་སྡོད་དམངས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེས16ཉིན་གྱི་ནམ་གུང་། ཧུའུ་སའེ་དྲག་ཆས་པས་ས་ནཱ་གྲོང་ཁྱེར་གྱི་དཀྱིལ་སྙིང་དང་ཉེ་བའི་མཁར་རྙིང་ས་ཁུལ་བཀག་སྡོམ་བྱས་ཤིང་། དངོས་སུ་མཐོང་མཁན་གྱིས་མྱུར་སྐྱོབ་རླངས་འཁོར་རེ་འགའ་འགྲོ་འོང་བྱེད་པ་མཐོང་ཡོད། ཧུའུ་སའེ་དྲག་ཆས་པས་དེར་མཐུད་ནས་ཚེས17ཉིན་གྱི་སྔ་དྲོའི་བར་གྲོང་ཁྱེར་དཀྱིལ་སྙིང་ཁུལ་གྱི་གཞུང་ལམ་བཀག་སྡོམ་བྱས།

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས16ཉིན་ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་བཀོད་འདོམས་བྱེད་ས་ཞིག་དང་ཚོད་འཛིན་སྒྲིག་ཆས་ཡོད་སར་བར་སྣང་འཇབ་རྒོལ་བྱས། དམིགས་འབེན་སྒྲིག་ཆས་དེ་ནི་ཧུའུ་སའེ་དྲག་ཆས་པས་འགུལ་སྐྱོད་མཐུན་སྦྱོར་བྱེད་པའི་སྒྲོག་ཐག་ལྟ་བུ་ཡིན་ཏེ། དེ་ལས་མཚོ་དམར་ལྷོ་ཕྱོགས་དང་ཡ་ཏིན་མཚོ་ཁུགས་སུ་ཨ་མེ་རི་ཁའི་མཚོ་དམག་དམག་གྲུ་དང་ཚོང་འགྲུལ་གྲུ་གཟིངས་ལ་འཇབ་རྒོལ་བྱ་ཐུབ། གསལ་བསྒྲགས་ལས་ཐེངས་འདིའི་འཇབ་རྒོལ་མཇུག་འབྲས་བཤད་མེད།

ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འགལ་བ་བྱུང་རྗེས། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་པས་ཐེངས་མང་པོར་མི་མེད་གནམ་གྲུ་དང་མེ་ཤུགས་འཕུར་མདའ་བཀོལ་ནས་མཚོ་དམར་དང་། ཨ་རབ་རྒྱ་མཚོ་སོགས་མཚོ་ཁོངས་སུ་དབྱི་སི་རལ་དང་འབྲེལ་བའི་གྲུ་གཟིངས་ལ་འཇབ་རྒོལ་བྱེད་བཞིན་ཡོད་པར་མ་ཟད། ནམ་རྒྱུན་དབྱི་སི་རལ་གྱི་སྐམ་སའི་དམིགས་འབེན་ལ་འཇབ་རྒོལ་བྱས་ཏེ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་རེ་བ་འདོན་བཞིན་ཡོད།  ད་ལོའི་ཟླ1ཚེས12ཉིན་ནས་བཟུང་། ཨ་མེ་རི་ཁ་དང་དབྱིན་ཇིས་ཐེངས་མང་པོར་ཧུའུ་སའེ་དྲག་ཆས་པའི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་ལས་མི་སྣར་ཤི་རྨས་བཟོ་བཞིན་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།