སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ལ་འཇབ་རྒོལ་ཐེབས་ནས་མི་སེར་དཀྱུས་མ25རྐྱེན་ལམ་དུ་ཤོར།
2024.12.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་ས་ཁུལ་རྩ་འཛུགས་ཀྱིས་ཚེས18ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་དུ་ཚེས17དང་ཚེས18ཉིན་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་འཇབ་རྒོལ་ཐེབས་ནས། བསྡོམས་པས་མི་སེར་དཀྱུས་མ25རྐྱེན་ལམ་དུ་ཤོར་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས17ཉིན་མི་མེད་གནམ་གྲུ་བཀོལ་ནས་ཧྥ་ཞེ་ཨར་ནུབ་ཕྱོགས་ས་ཁུལ་གྱི་ཡུལ་གྱར་བའི་སྒར་སར་འཕུར་མདའ་གཉིས་གཏོང་འཕེན་བྱས་ཏེ། མི་སེར་དཀྱུས་མ15རྐྱེན་ལམ་དུ་ཤོར་བ་དང་། མི27ལ་རྨས་ཕོག་ཡོད་ལ། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། གཞན་ཡང་སུའུ་ཏན་ས་གནས་རྩ་འཛུགས་ཧྥ་ཞེ་ཨར་འགོག་རྒོལ་ཨུ་ཡོན་ལྷན་ཁང་མཐུན་སྦྱོར་རྩ་འཛུགས་ཀྱིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམགད་པུང་གིས་ཉིན་དེའི་ཕྱི་དྲོར་ཧྥ་ཞེ་ཨར་གྲོང་ཁྱེར་ལྟེ་གནས་དང་ནུབ་ངོས་ཀྱི་སོ་ཏིའི་སྨན་ཁང་ལ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ10རྐྱེན་ལམ་དུ་ཤོར་བ་དང་། མི20ལ་རྨས་ཕོག་ཡོད་ཟེར།

འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ད་རུང་གོང་གི་འཇབ་རྒོལ་དོན་རྐྱེན་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།