ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོས་ཐི་ཡིས་ཚེས19ཉིན་པུར་ཀ་རི་ཡཱ་རུ་འཚམས་འདྲི་བྱེད་སྐབས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་ཝུའུ་ཁི་ལན་བར་བདེ་འཇགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་གྲོས་མཐུན་འགོད་པའི་འོས་འགན་མེད་ཟེར།
ལོས་ཐི་ཡིས་ཉིན་དེར་པུར་ཀ་རི་ཡཱའི་ལྟ་སྐྱོང་ནང་སྲིད་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཁང་ཏའོ་ཧྥུའུ་དང་རྒྱལ་སྲུང་པུའུ་ཀྲང་ཀྲ་ཕུའུ་ལི་ཡཱ་ནོའུ་ཧྥུའུ་གཉིས་དང་མཉམ་དུ་མཉམ་འབྲེལ་གསལ་སྒྲོག་སྤེལ་བར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ། ལོས་ཐི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་ཝུའུ་ཁི་ལན་བར་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་འགོད་པའི་འོས་འགན་མེད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྐོར་ཞིག་གིས་ཝུའུ་ཁི་ལན་བར་འབྲེལ་ཡོད་ཀྱི་གྲོས་མཐུན་བཀོད་ཡོད་ལ། ཁོངས་གཏོགས་རྒྱལ་ཁབ་སྐོར་ཞིག་གིས་གྲོས་མོལ་བྱེད་བཞིན་ཡོད་ཀྱང་། ཆེས་གལ་ཆེ་བ་ནི་འབྲེལ་ཡོད་ཕྱོགས་ལ་དམག་དོན་རོགས་སྐྱོར་ཐོབ་པར་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར།
ལོས་ཐི་ཡིས་ད་རུང་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་མིག་སྔར་རྒྱལ་ཁབ་ཀྱི་སྔོན་རྩིས་འགྲོ་སོང་གི་གནད་དོན་ལ་འཕྲད་ཡོད་ཟེར། ཁོས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རང་ནུས་ཅི་ལྕོགས་ཀྱིས་རྒྱལ་སྲུང་འགྲོ་སོང་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བར་འགན་སྲུང་བྱས་ཏེ་རྒྱལ་སྲུང་བཟོ་ལས་ཀྱི་ཐོན་ཚད་སྔར་ལས་འཕར་བར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།