མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་གནས་ཀྱི་མི་སེར་དཀྱུས་མ་བརྒྱད་བརྒྱ་ཙམ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་བསྒྲགས།
2024.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་དོན་གཅོད་ཁང་གིས་ཚེས20ཉིན་བཤད་རྒྱུར། སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་དུ་བསྟུད་མར་བཀག་སྡོམ་དང་དགྲར་འཛིན་གྱི་འགུལ་སྐྱོད་སྤེལ་སྐབས་ཉུང་མཐར་ཡང་མི་སེར་དཀྱུས་མ782རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་བརྒྱ་ཞེ་གསུམ་ལ་རྨས་ཕོག་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་དོན་གཅོད་ཁང་གིས་ཉིན་དེར་སྙན་ཞུ་སྤེལ་ཏེ། ད་ལོའི་ཟླ་དྲུག་པར་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་སྡེ་ཁུལ་དུ་འཁྲུག་རྩོད་དྲག་པོ་བྱས་པས། སྡོད་དམངས་འདུག་སའི་སྡེ་ཁུལ་དེ་དམག་དོན་རྟེན་གཞིར་བྱས་པར་མ་ཟད་ཚོང་རར་འཇབ་རྒོལ་དང་འཕྲོག་བཅོམ་བྱས་ཏེ། མི་སེར་དཀྱུས་མ་མང་བོ་རང་ཁྱིམ་དང་ཚོང་ར། སྨན་ཁང་། སྲང་ལམ་བཅས་ནས་རང་སྲོག་ཤོར་བ་རེད། དེ་ལས་གཞན་མིག་སྔར་མི་སེར་དཀྱུས་མ་སྟོང་ཕྲག་འགའ་མཁར་ནང་དུ་ཁེགས་ཡོད་པ་དང་། བདེ་འཇགས་ངང་ཕྱིར་འཐེན་བྱེད་ཐབས་ལ། བརྩེ་བ་མེད་པའི་དཔུང་འཇུག་ཐེབས་པའི་འཇིགས་ཉེན་ཚབས་ཆེན་ལ་འཕྲད་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཐུའུ་ཨར་ཁི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཧྥ་ཞེ་ཨར་གྱི་བཀག་སྡོམ་མྱུར་དུ་མཇུག་སྒྲིལ་བར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། བསྟུད་མར་བཀག་སྡོམ་བྱས་པ་དང་འཛད་མཐའ་མེད་པའི་འཐབ་འཁྲུག་གིས་ཉིན་རེ་བཞིན་མི་སེར་དཀྱུས་མའི་ཚེ་སྲོག་ལ་འཇིགས་ཉེན་ཚབས་ཆེན་བཟོ་བཞིན་ཡོད་པས། ཀུན་གྱིས་སེམས་ཁུར་བྱེད་པའི་གནས་བབ་དེ་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་ཟེར། ཁོས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་སེར་དཀྱུས་མ་དང་དམངས་བཀོལ་སྒྲིག་ཆས་ལ་དམིགས་པའི་དཔུང་འཇུག་མྱུར་མོར་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འོས་འགན་ཟོལ་མེད་ཀྱིས་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་མྱུར་མོར་དེའི་ནང་ཞུགས་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།