ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱ་ནས་བར་སྣང་འཇབ་རྒོལ་སྤེལ་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་ཞིག་བསད།
2024.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས20ཉིན་བཤད་རྒྱུར། དམག་སྤྱི་ཁང་དེར་གཏོགས་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཚེས19ཉིན་སི་རི་ཡཱའི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་ཨ་པུའུ་ཡུག་སོ་ཧྥུའུ་ལ་དམིགས་པའི་གནད་འཁེལ་བར་སྣང་འཇབ་རྒོལ་སྤེལ་ཏེ། འགོ་བ་དེ་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་གསང་མྱུལ་བ་གཞན་པ་ཞིག་བསད་ཟེར།

ཀྲུང་དབྱང་དམག་སྤྱི་ཁང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་བྱེད་ས་ནི་སི་རི་ཡཱའི་རྩ་རྫོགས་བྱས་པའི་པཱ་ཧྲ་ཨར་ཨ་སཱ་ཏིའི་སྲིད་དབང་དང་སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་བཅའ་སྡོད་དམག་དཔུང་གི་ཚོད་འཛིན་ས་ཁོངས་སུ་གཏོགས་པ་དང་། བར་སྣང་འཇབ་རྒོལ་དེ་ནི་ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཀྱི་ཁག་ཅིག་ཡིན་ལ། ས་ཁུལ་དེ་དང་སྔར་ལས་ཆེ་བའི་ཁྱབ་ཁོངས་ནང་གི་མི་སེར་དཀྱུས་མ་དང་ཨ་མེ་རི་ཁའི་དམག་དཔུང་། དེ་མིན་མནའ་མཐུན་གྲོགས་པོ་སོགས་ལ་འཇིགས་སྐུལ་འཇབ་རྒོལ་མི་ཐེབས་པར་སྲུང་སྐྱོབ་བྱེད་ཆེད་ཡིན་ཟེར།

གསལ་སྒྲོག་དེ་ལས་ཀྲུང་དབྱང་དམག་སྤྱི་ཁང་གི་དམག་སྤྱི་མེད་ཁི་ཨར་ཁུའུ་ལི་ལཱ་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། མིག་སྔར་སི་རི་ཡཱའི་མངའ་ཁོངས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་གསང་མྱུལ་བ་སྟོང་བརྒྱད་ལྷག་བཀག་འཇུག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།