ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་ཝ་ནི་ཨ་ཐུའུ་ལ་མེ་སྒོར་འབུམ་གཅིག་གི་རོགས་སྐྱོར་འདོན་སྤྲོད་བྱས།
2024.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚེས20ཉིན་ཝ་ནི་ཨ་ཐུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་ཝ་ནི་ཨ་ཐུའུ་ལ་མེ་སྒོར་འབུམ་གཅིག་གི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཡོད་ཟེར།

ཝ་ནི་ཨ་ཐུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་མེན་ཀང་གིས་ཉིན་དེར་ཝ་ནི་ཨ་ཐུའུ་ཡི་རྒྱལ་ས་ཝེ་ལཱ་གྲུ་ཁ་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རོགས་སྐྱོར་མ་དངུལ་དེ་ཚེས་ཉེར་གཅིག་ཉིན་ཝ་ནི་ཨ་ཐུའུ་ལ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཝ་ནི་ཨ་ཐུའུ་ཡི་ས་ཡོམ་གནོད་འཚེའི་གནས་ཚུལ་དང་ཝ་ནི་ཨ་ཐུའུ་ཕྱོགས་ཀྱི་དགོས་མཁོ་ལྟར་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ལིས་མེན་ཀང་གིས་བཤད་རྒྱུར། ཝ་ནི་ཨ་ཐུའུ་རུ་ས་ཡོམ་དྲག་པོ་བྱུང་ན། ཀྲུང་གོའི་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཁོ་ཐག་ཡིན་ཟེར། ས་ཡོམ་བྱུང་རྗེས།ཝ་ནི་ཨ་ཐུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཝ་ནི་ཨ་ཐུའུ་སྲིད་གཞུང་བར་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། རྒུད་སྐྱོབ་དང་གནོད་སེལ་གྱི་དགོས་མཁོར་རྒྱུས་ལོན་བྱས་ནས་དུས་ལྟར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།