ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ལ་འཕུར་མདའི་འཇབ་རྒོལ་ཐེབས།
2024.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཚེས20ཉིན་གྱི་ཞོགས་པར། ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་འགས་གཏོར་གྱི་སྒྲ་བར་མེད་དུ་གྲགས། ཅི་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁི་ལེ་ཆི་ཁི་ཡིས་དེའི་རྗེས་སུ་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཅི་ཧྥུའུ་གྲོང་ཁྱེར་གྱི་ས་ཁོངས་མང་བོར་འཕུར་མདའི་ཆག་རོ་ཐོར་ནས་མེ་སྐྱོན་བྱུང་ཡོད་ཟེར།

ཚེས20ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་སོ་དགུའི་སྟེང་། ཝུའུ་ཁི་ལན་གྱི་མཁའ་དམག་གིས་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། འཕུར་མདའ་གཏོང་འཕེན་ཐུབ་པའི་ཨུ་རུ་སིའི་མུས་ཀི-31Kའཐབ་འཛིང་གནམ་གྲུ་བར་སྣང་དུ་འཕུར་བ་དང་། ཝུའུ་ཁི་ལན་གྱི་མངའ་ཁོངས་ཧྲིལ་བོ་འཕུར་མདའི་འཇབ་རྒོལ་གྱི་འཇིགས་ཉེན་ཐེབས་ཡོད་ཟེར། དུས་ཚོད་དྲུག་དང་སྐར་མ་ང་དགུའི་སྟེང་། ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཡང་བསྐྱར་རྩོམ་ཡིག་སྤེལ་ཏེ། མྱུར་མོར་འཕུར་བསྐྱོད་བྱེད་པའི་དམིགས་འབེན་ཅི་ཧྥུའུ་ཡི་ཕྱོགས་སུ་འཕུར་བཞིན་ཡོད་ཟེར།

དུས་ཚོད་བདུན་དང་སྐར་མ་བཅུའི་ཡས་མས་སུ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཅི་ཧྥུའུ་གྲོང་ཁྱེར་ནས་འགས་གཏོར་གྱི་སྒྲ་བར་མེད་དུ་གྲགས་པ་ཐོས། ཅི་ཧྥུའུ་གྲོང་ཁྱེར་གྱི་དམག་དོན་དོ་དམ་ཅུའུ་དང་ཁི་ལེ་ཆི་ཁི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་ཅི་ཧྥུའུ་གྲོང་ཁྱེར་གྱི་མཁའ་སྲུང་མ་ལག་འཁོར་སྐྱོད་བྱེད་བཞིན་ཡོད་ཟེར།

དུས་ཚོད་བདུན་དང་སྐར་མ་ཞེ་དྲུག་སྟེང་། ཁི་ལེ་ཆི་ཁི་ཡིས་དྲ་ཚིགས་བརྒྱུད་ད་ཅི་ཧྥུའུ་གྲོང་ཁྱེར་གྱི་ཏིས་ཧྲི་པའོ་ལོ་ས་ཁུལ་དང་ཀི་ལོ་ཞེ་ཡེ་ཧྥུའུ་སི་ཅི་ས་ཁུལ། ཧྲི་ཕུའུ་ཆིན་ཁི་ཧྥུའུ་སི་ཅི་ས་ཁུལ། སོ་ལོ་མེན་སི་ཅི་ས་ཁུལ་བཅས་ཀྱི་ཐོག་ཁང་དང་དང་རླངས་འཁོར་ལ་འཕུར་མདའི་ཆག་རོ་ཕོག་ནས་མེར་འབར་བ་དང་། མི་སྣར་ཤི་རྨས་བཟོས་ཡོད་ལ། རྒུད་སྐྱོབ་དང་སྨན་བཅོས་མི་སྣ་དག་འཇབ་རྒོལ་ཐེབས་སར་འགྲོ་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།