ཕོ་ལན་གྱིས་ཕོ་ལན་དུ་སྡོད་པའི་ཧང་ག་རིའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་པ་དང་ཧང་ག་རིར་སྡོད་པའི་ཕོ་ལན་གྱི་གཞུང་ཚབ་པ་ཕྱིར་བོས།
2024.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཕོ་ལན་ཕྱི་འབྲེལ་པུའུ་ཡིས་ཚེས20ཉིན་བཤད་རྒྱུར། ཧང་ག་རི་ཡིས་ཕོ་ལན་སྔོན་ཆད་ཀྱི་ཁྲིམས་འཛིན་པུའུ་ཀྲང་གཞོན་པ་མཱ་ཨར་ཆན་ལོ་མན་ནོའུ་ཧྥུའུ་སི་ཅི་ལ་ཆབ་སྲིད་འགེབས་སྲུང་འདོན་སྤྲོད་བྱས་པར་དམིགས་ནས། ཕོ་ལན་ཕྱོགས་ཀྱིས་ཉིན་དེར་ཕོ་ལན་དུ་སྡོད་པའི་ཧང་ག་རིའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་པ་དང་། ཧང་ག་རིར་སྡོད་པའི་ཕོ་ལན་གྱི་གཞུང་ཚབ་ཆེན་མོ་ཕྱིར་བོས།

ཕོ་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཧང་ག་རིའི་སྲིད་གཞུང་གིས་ལོ་མན་ནོའུ་ཧྥུའུ་སི་ཅི་ལ་ཆབ་སྲིད་འགེབས་སྲུང་འདོན་སྤྲོད་བྱེད་པའི་ཆོད་དོན་དེ་ནི་ཕོ་ལན་བར་མཛའ་མཐུན་མིན་པའི་བྱ་སྤྱོད་ཅིག་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་བརྩི་སྲུང་བྱེད་དགོས་པའི་གཞི་རྩའི་རྩ་དོན་དང་འགལ་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གལ་ཏེ་ཧང་ག་རི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འོས་འགན་ལག་བསྟར་མི་བྱེད་ན། ཕོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ལ་ཞུ་གཏུག་བྱེད་ངེས་ཡིན་ཟེར།

ཕོ་ལན་གྱི་ཁྲིམས་ཁང་ཞིག་གིས་ཚེས19ཉིན་ལོ་མན་ནོའུ་ཧྥུའུ་སི་ཅི་ལ་ཡོ་རོབ་གླིང་གི་འཛིན་བཟུང་བཀའ་རྒྱ་བཏང་བ་དང་། རྒྱུ་མཚན་ནི་ཁོར་རུལ་སུངས་ཀྱི་སྐྱོན་འཛུགས་ཐེབས་པས་རེད། ལོ་མན་ནོའུ་ཧྥུའུ་སི་ཅི་ཡི་ཁྲིམས་རྩོད་པས་ཉིན་དེར་བསྟན་དོན། ཧང་ག་རིའི་སྲིད་གཞུང་གིས་ལོ་མན་ནོའུ་ཧྥུའུ་སི་ཅི་ལ་ཆབ་སྲིད་འགེབས་སྲུང་འདོན་སྤྲོད་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།