སུའེ་ཏེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ལ་མ་དངུལ་རོགས་སྐྱོར་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
2024.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

སུའེ་ཏེན་སྲིད་གཞུང་གིས་ཚེས20ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་མ་དངུལ་རོགས་སྐྱོར་བྱེད་མཚམས་འཇོག་རྒྱུ་ཐག་གཅོད་བྱས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། སུའེ་ཏེན་སྲིད་གཞུང་གིས་ཚེས19ཉིན2025ལོའི་སུའེ་ཏེན་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་བྱ་བའི་འཆར་གཞིར་ཆོག་མཆན་བཀོད་དེ། སང་ལོར་སུའེ་ཏེན་གྱི་མཉམ་ལས་གྲོགས་པོའི་རྩ་འཛུགས་བརྒྱུད་དེ་འདོན་སྤྲོད་བྱེད་པའི་རོགས་སྐྱོར་ནང་དོན་གཏན་འཁེལ་གསལ་བོ་བྱས།

སུའེ་ཏེན་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་དོན། སུའེ་ཏེན་གྱི་སྒོར་མོ་དུང་ཕྱུར་བརྒྱད་བཏང་སྟེ། ཅཱ་ཧྲ་དང་དེའི་ཉེ་འཁོར་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། སུའེ་ཏེན་གྱིས་མུ་མཐུད་དུ་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་མི་གྲངས་ཐེབས་རྩ། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཨུ་ཡོན་ལྷན་ཁང་སོགས་མི་ཆོས་རིང་ལུགས་ཀྱི་ལས་ཁུངས་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་བྱ་བ་སྤེལ་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལྟར་ན། 2024ལོར་སུའེ་ཏེན་གྱིས་ཕྱི་འབྲེལ་པུའུ་དང་སུའེ་ཏེན་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་བརྒྱུད་དེ་དབུས་ཤར་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་འདོན་སྤྲོད་བྱས་པའི་རོགས་སྐྱོར་མ་དངུལ་བསྡོམས་འབོར་སུའེ་ཏེན་གྱི་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་ལྔ་ས་ཡ་གཅིག་ཡིན་པ་རེད།

སུའེ་ཏེན་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་ཕྱི་ཕྱོགས་ཉོ་ཚོང་པུའུ་ཀྲང་པིན་ཅེ་མེན་ཏུའུ་སཱ་ཡིས་བཤད་རྒྱུར། སུའེ་ཏེན་གྱིས་དབུས་ཤར་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་མ་དངུལ་རོགས་སྐྱོར་མཚམས་འཇོག་རྒྱུ་ཐག་བཅད་པ་ནི་དབྱི་སི་རལ་གྱིས་ལས་ཁུངས་དེའི་བར་གྱི་མཉམ་ལས་མཚམས་བཞག་རྗེས། ལས་ཁུངས་དེའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་ལྷག་ཏུ་དཀའ་ཁག་ཆེ་བས་ཡིན་ལ། སུའེ་ཏེན་གྱིས་མུ་མཐུད་དུ་ཐབས་ལམ་གཞན་པ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།