པཱ་ཞིའི་ཤར་ལྷོའི་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར།
2024.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

པཱ་ཞི་རྒྱལ་ཕྲན་མཉམ་འབྲེལ་གྱི་གཞུང་ལམ་ཉེན་རྟོག་པས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཉིན་དེར་པཱ་ཞིའི་ཤར་ལྷོའི་ཕྱོགས་ཀྱི་མུས་ནཱ་སི་ཅི་ལཱ་སི་མངའ་སྡེ་རུ་རླངས་འཁོར་གསུམ་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར། དེ་ནི་རྒྱལ་ཁབ་དེར་ཉིས་སྟོང་བདུན་ལོ་ནས་བཟུང་ཐོ་འགོད་བྱས་ཚུན་གཞུང་ལམ་སྟེང་བྱུང་བའི་ཆེས་ཚབས་ཆེ་བའི་འགྲིམ་འགྲུལ་དོན་རྐྱེན་ཞིག་རེད།

མུས་ནཱ་སི་ཅི་ལཱ་སི་མངའ་སྡེའི་མེ་གསོད་སྡེ་ཁག་གིས་བཤད་རྒྱུར། ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཧྲིན་པའོ་ལོ་ནས་བྱང་ཤར་ཕྱོགས་ཀྱི་པཱ་དབྱེ་ཡཱ་མངའ་སྡེ་རུ་འགྲོ་བཞིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་མུས་ནཱ་སི་ཅི་ལཱ་སི་མངའ་སྡེའི་ཐི་ཨོ་ཧྥེ་ལུའུ་ཨོ་ཐའོ་ནེ་གྲོང་ཁྱེར་ནས་ཚོད་འཛིན་བྱེད་ཐབས་བྲལ་ནས། དངོས་སྐྱེལ་རླངས་འཁོར་ཞིག་དང་རླངས་འཁོར་ཆུང་བ་ཞིག་ལ་ཐོ་བརྒྱབ་སྟེ་མེར་འབར་བ་རེད། དེ་ལས་ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གསུམ་ལ་རྨས་ཕོག་ཡོད་ཟེར།

རྒྱལ་ཕྲན་མཉམ་འབྲེལ་གྱི་གཞུང་ལམ་ཉེན་རྟོག་པས་བསྟན་དོན། དོན་རྐྱེན་བྱུང་སའི་ལམ་དེ་མིག་སྔར་བཀག་སྡོམ་བྱས་ཡོད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།