ཧཱ་མཱ་སི་ཡིས་གལ་ཏེ་དབྱི་སི་རལ་གྱིས་ཆ་རྐྱེན་གསར་བ་མ་བཏོན་ན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་རེ་བ་ཡོད་པའི་ཚུལ་བསྟན།
2024.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་གསུམ་གྱི་མགོ་ཁྲིད་པས་བལྟས་ན། གལ་ཏེ་དབྱི་སི་རལ་གྱིས་ཆ་རྐྱེན་གསར་བ་མ་བཏོན་ན། ཅཱ་ཧྲ་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་རེ་བ་སྔར་ལས་ཆེ་བར་འདོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི། ཕཱ་ལེ་སི་ཐན་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་བཅས་ཀྱི་མགོ་ཁྲིད་པས་ཚེས་ཉི་ཤུ་ཉིན་ཨེ་ཅིབ་ཀྱི་ཁེ་རོ་ནས་གྲོས་མོལ་བྱས་པ་དང་། དེའི་སྐབས་སུ་ཕྱོགས་གསུམ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་སྐོར་གྱི་གྲོས་མོལ་དང་བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་གྲོས་མཐུན་གྱི་གནས་ཚུལ་གསར་བར་གྲོས་བསྡུར་བྱས་ཡོད་ལ། ཕྱོགས་གསུམ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་དམིགས་པའི་བཙན་འཛུལ་བྱ་སྤྱོད་མཚམས་འཇོག་པར་རེ་བཞིན་ཡོད་པ་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གསུམ་གྱིས་ད་རུང་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་རྗེས་ཀྱི་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་པའི་གནད་དོན་ཐད་ཀྱི་གྲུབ་འབྲས་གསར་བར་གྲོས་བསྡུར་བྱས་པ་དང་། ངེས་པར་དུ་ལག་བསྟར་བྱེད་འོས་པའི་བྱེད་ཐབས་སྤྱད་དེ་མྱུར་མོར་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ནས་ཁྱབ་བསྒྲགས་བྱེད་དགོས་པར་འདོད། ཕྱོགས་གསུམ་གྱིས་མུ་མཐུད་དུ་འབྲེལ་འདྲིས་བྱེད་པར་ཡིད་འཐད་བྱུང་བ་དང་ཡང་བསྐྱར་གྲོས་མོལ་བྱས་ནས་ཨུ་ཡོན་ལྷན་ཁང་འཛུགས་པར་མཁོ་བའི་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་རེད།

ཅེ་ཧཱ་ཏི་ཡི་མཐོ་རིམ་དཔོན་པོ་ཞིག་གིས་ཚེས་ཉེར་གཅིག་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་བཞིན་ཡོད་པ་དང་། ནང་དོན་མང་ཆེ་བར་གྲོས་འཆམ་བྱུང་ཡོད། རྩོད་གཞིར་གྱུར་བའི་གནད་དོན་རེ་འགར་སྔར་བཞིན་གྲོས་མོལ་བྱེད་བཞིན་ཡོད་ཀྱང་། ཚོད་དཔག་བྱས་ན་ཆེས་མཇུག་མཐའི་གྲོས་མཐུན་གྱི་བཀག་རྒྱ་གཙོ་བོར་འགྱུར་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།